འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བཅུ་ཆ་གཉིས་ཙམ་གྱི་ཞིང་ལས་ཚན་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། 

    རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་56%ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་གོང་ཚེས་ཉིན་འཚོགས་པའི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་2018ལོའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་56%ལས་བརྒལ་བ་དང་། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་19%རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།
         ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཡོན་ཧྲི་ཐང་ཧྭ་ཅུན་གྱིས་སྙན་ཞུ་བྱེད་སྐབས་2017ལོར་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་མཉམ་སྒྲུབ་གསར་གཏོད་ལས་འགན་གྱི་རྣམ་གྲངས་ཁག་19སྤེལ་འགོ་བཙུགས་པ་དང་རིམ་པ་ཁག་དང་རིགས་ཁག་གི་ཞིབ་འཇུག་བྱ་གཞི་2222གསར་སྣོན་བྱས་པས་ལོར་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་20.6ཟིན་ཡོད། ཁང་དེ་ཡོངས་ལ་རྒྱལ་ཁབ་གྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་འགོད་ཀྱི་རྣམ་གྲངས་32རག་པ་དང་གཏན་འཁེལ་བྱས་པའི་རྣམ་གྲངས་གྲངས་འབོར་གྱིས་ཞིང་ལས་སྡེ་ཚན་གྱི་22.8%བཟུང་ཡོད་ཅེས་བརྗོད།
         2017ལོར་ཞིང་ལས་ཚན་རིག་ཁང་ལ་ཁྱོན་བྱ་དགའ་ཁག་114རག་པ་དང་། ལེགས་སྒྲུབ་ཚན་པ་ཨང་དང་པོའི་མིང་ཐོག་ནས་ཚན་རྩལ་བྱ་དགའ་ཁག་7རག་པ་དེས་ཞིང་ལས་ཁྱབ་ཁོངས་སུ་བྱ་དགའ་ཐོབ་པའི་བསྡོམས་འབོར་གྱི་26.9%བཟུང་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཞིང་ལས་སྤྱི་ཁོག་འཐབ་ཇུས་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ལྗང་མདོག་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”གི་ཞིང་ལས་མཉམ་ལས་སོགས་གཙོ་གནད་ཀྱི་གནད་དོན་ལ་བརྟག་ཞིབ་དང་འཆར་འགོད་བཟོ་བ། སྲིད་ཇུས་བཟོ་བ་བཅས་ཀྱི་ནང་ཧུར་ཐག་ཞུགས་ཏེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་ཞིང་ལས་སྤྱི་ཁོག་ཐབས་ཇུས་ལ་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ཚན་རིག་གི་འདེགས་སྐྱོར་བྱས་ཡོད།
         2017ལོར་ཞིང་ལས་ཚན་རིག་ཁང་གིས་ལྗང་མདོག་གི་ཐོན་འཕར་ནུས་ཆེའི་ལག་རྩལ་གཅིག་སྡུད་དང་དཔེ་སྟོན་གྱི་རྣམ་གྲངས་ཁག་12ལག་ལེན་གཏིང་ཟབ་བསྟར་བ་དང་། ལག་རྩལ་ཁག་180ལྷག་ཙམ་གཅིག་སྡུད་བྱས་པ། ཐོན་སྐྱེད་བྱེད་སྟངས་ཆ་ཚང་38བཏོད་པ། ཚོད་ལྟའི་དཔེ་སྟོན་རྟེན་གཞི་120བསྐྲུན་པ། དཔེ་སྟོན་གྱི་རྒྱ་ཁྱོན་མུའུ་ཁྲི་15ཟིན་པ། ས་ཁོངས་ཀྱི་མུའུ་ཁྲི་100ལྷག་ཙམ་ལ་སྣེ་ཁྲིད་བྱས་པ། དཔེ་སྟོན་གྱི་བཞོན་མ་དང་། བཤས་ལུག ཕག་པ་བཅས་མགོ་གྲངས་ཁྲི་40ལྷག་ཙམ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་18ལ་ཁྱབ་ནས་ཞིང་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་། ཕན་འབྲས་ཆེ་རུ། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།