འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཁེ་ལས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་གོ་སྐབས་
    གསར་པར་རེ་སྒུག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཕ་རི་སིར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཆེད་དོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ཤིང་། ཧྥ་རན་སེའི་ཁེ་ལས་ཀྱི་འཐུས་མིས་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་དེས་ཧྥ་རན་སེས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་ཆེར་གཏོང་རྒྱུར་གོ་སྐབས་གསར་པ་མཁོ་འདོན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།
         ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཀོན་ཅན་གྱིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་བསྒྱུར་རྒྱུའི་འདོད་ཚུལ་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་དངོས་ཤིག་ཡིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོར་ནང་འདྲེན་བྱེད་ཚད་རྒྱ་ཆེར་གཏོང་འདོད་ཡོད་མཁན་འགྲེམས་ཞུགས་ཁེ་ལས་ལ་ཀྲུང་གོའི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ་དང་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་ལས་སྟེགས་གསར་པ་མཁོ་འདོན་བྱས་ནས་ཀྲུང་ཧྥ་ཕྱོགས་གཉིས་པོའི་ཚོང་དོན་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་གཉིས་ཕན་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།
         ཧྥ་རན་སེའི་རྒྱལ་དམངས་གྲོས་ཚོགས་ཀྲུང་ཧྥ་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཁྲེན་ཝུན་ཞུང་གིས་ཤིས་ཚིག་གསུང་སྐབས་ཧྥ་རན་སེའི་ཁེ་ལས་རིགས་ཁག་གིས་རང་འགུལ་ངང་ཀྲུང་གོར་དངོས་ཟོག་ཕྱིར་གཏོང་བྱ་རྒྱུའི་སྐུལ་ལྕག་བྱས་ཤིང་། རྒྱུ་མཚན་ནི་ཀྲུང་གོའི་ཁྲོམ་རར་གཏིང་ཤུགས་ཆེན་པོ་ལྡན་པས་ཡིན་པ་དང་། “ཀྲུང་གོའི་ཁྲོམ་རའི་ཆ་ཤས་ཆུང་ངུ་ཞིག་བཟུང་ཐུབ་ནའང་དེའི་ཐོབ་སྐལ་ནི་ཧྥ་རན་སེའི་ཁྲོམ་རའི་ལྡབ་ཁ་ཤས་ཡིན”ཞེས་བཤད།
         ཀྲུང་གོའི་ཚོང་དོན་པུའི་ཡོ་རོབ་སིའི་སི་ཀྲང་གཞོན་པ་ཀྲའེ་ཆན་གྱིས་དངོས་མང་སྟོན་ཚོགས་ཀྱི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་ཁེ་ལས་ཀྲུང་གོར་ཡོང་ནས་འགྲེམས་སྟོན་ནང་ཞུགས་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་འགྲོ་འོང་སྔར་བས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ལྷག་པར་དུ་ཧྥ་རན་སེའི་ཁྱད་ལྡན་ལེགས་ཆའི་ཐོན་ཟོག་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་དེ་བས་སྟབས་བདེའི་ལས་སྟེགས་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འདུན་པ་བཟང་པོ་བཅངས་ནས་ཧྥ་རན་སེའི་ཚོང་ཟོག་དང་ཞབས་ཞུ་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་ཕྱོགས་གཉིས་ཀྱི་ཚོང་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    དེ་ཉིན་གྱི་འོས་སྦྱོར་ཚོགས་འདུའི་ཐོག་ཧྥ་རན་སེའི་ཁེ་ལས་ལས་རིགས་ཀྱི་འཐུས་མི་200ལྷག་ཙམ་ཞུགས་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་རྒྱ་སྐྱེད་ཁྲུའུ་ཡི་འགན་འཁུར་བ་ཀའོ་ཀྲེ་ཆང་གིས་ཧྥ་རན་སེའི་ཁེ་ལས་ལས་རིགས་ཀྱིས་ད་ཐེངས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུའི་རྣམ་འགྱུར་ཡག་པོ་ཡོད་ལ་ཧྥ་རན་སེའི་ཁེ་ལས་མང་པོ་ཞིག་གིས་ཀྱང་དེའི་ནང་ཞུགས་རྒྱུའི་རྣམ་འགྱུར་གསལ་པོ་བསྟན་ཡོད་ཅེས་བཤད།
         སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་འདི་ལོའི་ཟླ་11ཚེས་5ཉིན་ནས་ཚེས་10ཉིན་བར་ཧྲང་ཧའེ་རུ་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།