འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེས་རི་པིན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མཐོ་ཚད་
    གསར་པར་སླེབས་པ་བྱེད་འདོད་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིང་སན་གྱིས་ཐོ་ཁེའོ་རུ་གཏམ་བཤད་སྤེལ་སྐབས། ཕྱི་ལོ་རི་པིན་དང་ཀྲུང་གོའི་དབར་ཞི་བདེ་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག་ནས་ལོ་40འཁོར་བ་གོ་སྐབས་སུ་བཟུང་ནས། རི་པིན་དང་ཀྲུང་གོའི་མཐོ་རིམ་སྤེལ་རེས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུ་ཡིན་ཞེས་བརྗོད།
          ཨན་པེས་ཉེ་ཆར། ཡུལ་དུས་མི་འདྲ་བར་ཀྲུང་གོ་དང་རི་པིན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་ཡོད། ཟླ་11ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་ཤན་ཀང་གྲོང་ཁྱེར་དུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིང་སན་དང་མཇལ་འཛོམས་གནང་བ་རེད། ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་རི་པིན་དབར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་པ་དང་། ཕྱི་ལོ་ཀྲུང་གོ་དང་རི་པིན་དབར་ཞི་བདེ་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག་ནས་ལོ་40འཁོར་བའི་ལོ་འཆར་རྒྱུ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་འགོ་བརྩམས་ཏེ་ཞི་བདེ་དང་། མཛའ་གྲོགས། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་གནད་ལ་འཁེལ་བའི་ངང་སྟངས་འཛིན་བྱས་ཏེ་འབད་འཐབ་ལྷོད་མེད་མཐའ་འཁྱོངས་བྱས་པ་བརྒྱུད་ཆ་རྐྱེན་བཟང་པོ་བཏོད་ནས་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་རྒྱུན་མཐུད་ལེགས་བཅོས་དང་ཡག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
         ཨན་པེ་ཅིང་སན་གྱིས་རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབད་བརྩོན་བྱས་ནས་ཕྱི་ལོའི་རི་པིན་དང་ཀྲུང་གོའི་དབར་ཞི་བདེ་མཛའ་གྲོགས་ཀྱི་ཆིངས་ཡིག་བཞག་ནས་ལོ་40འཁོར་བ་གོ་སྐབས་སུ་བཟུང་སྟེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་གཉིས་ཕན་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་གཉིས་ཕན་གཉིས་ཁེའི་དཔལ་འབྱོར་ཚོང་དོན་མཉམ་ལས་བྱས་ཏེ་ཕན་ཚུན་སྦྲེལ་མཐུད་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་གྲོས་བསྡུར་ཧུར་ཐག་བྱེད་བའི་རེ་བ་ཡོད་ཅེས་བརྗོད།
         ཟླ་11ཚེས་14ཉིན་ཨན་པེས་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལའི་གསར་འགོད་པའི་ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྐོར་སླར་ཡང་གླེང་སྐབས། ཁོང་གིས“རྒྱུད་གཅིག་ལམ་གཅིག”གིས་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་ལེགས་སྐྱེས་འབུལ་བའི་རེ་སྒུག་བྱེད་ཀྱི་ཡོད། རི་པིན་གྱིས་ཀྱང་ལྟ་ཚུལ་དེའི་ཐད་ནས་འགོ་བརྩམས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་པའི་རེ་བ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།