འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལྷ་སའི་ཡུལ་སྐོར་ལྟེ་གནས་དང་ཡུལ་སྐོར་ཁུལ་ཆེ་གྲས་གཉིས་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ་དུ། 《རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་ལས་རིགས་འཕེལ་རྒྱས་འཆར་འགོད་》ཉེ་ཆར་དངོས་སུ་བཏོན་ཡོད་པ་རེད། བོད་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང“ས་མཐོ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་ཡུལ་སྐོར་འགྲོ་སའི”དམིགས་ཚད་གཞིར་བཟུང་ལྷ་སའི་ཡུལ་སྐོར་ལྟེ་གནས་དང་། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་བསྐྲུན་ནས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་བ་བྱ་རྒྱུ་རེད།
          འཆར་འགོད་གཞིར་བཟུང་། འབྱུང་འགྱུར་གྱི་ལོ་འགའི་རིང་བོད་ཀྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་ལྷ་སའི་ལྟེ་བའི་གྲོང་ཁུལ་གཙོ་གནད་དུ་བྱས་ཏེ་ས་ཁོངས་ཧྲིལ་པོ་རྣམ་པའི་ཡུལ་སྐོར་ལྟེ་བའི་ཁུལ་གཏོད་པ་དང་གྲོང་ཁྱེར་གྱི་ཡུལ་སྐོར་ལྟེ་བའི་ཁུལ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཁུལ། གྲོང་ཁྱེར་གྱི་ནུས་པ་རྒྱ་ཆེར་གཏོང་ཁུལ། སྣོད་བཅུད་ཡུལ་སྐོར་སྣུར་བསྲིང་ཁུལ་བཅས་ཀྱི་བར་མཐོངས་ནུས་པའི་སྒྲོམ་གཞིའི་མ་ལག་བསྐྲུན་པ་བརྒྱུད། ལྷ་ས·ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཁུལ་དང“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་ཁུལ་གཙོ་གནད་ཐོག་བཏོད་དེ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་རྩེ་གྲའི་མཛེས་ལྗོངས་ཁུལ་གསར་སྤེལ་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཐོག་ཁྱད་ལྡན་རིག་གནས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་དང་ཡུལ་སྐོར་གྱི་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དང་། ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ། བར་སྐོར་ལོ་རྒྱུས་རིག་གནས་ཁྲོམ་གཞུང་། གནམ་མཚོའི་མཛེས་ལྗོངས་ཁུལ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་རྩེ་གྲ་ཁག་གཅིག་བསྐྲུན་ནས་ཐོན་རྫས་རྩེ་གྲ་ཅན་དུ་འཕེལ་རྒྱས་གཏོང་བ་དང་། འཛད་སྤྱོད་བྱེད་མང་དུ་ཧུར་ཐག་གཏོང་བ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་ཁྱད་ལྡན་གྲོང་ཚོ་འཛུགས་སྐྲུན་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།
          དེ་དང་ཆབས་ཅིག་འཆར་འགོད་ནང་བོད་ལྗོངས་ཀྱིས་ཡུལ་སྐོར་ཁུལ་ཆེ་གྲས་གཉིས་བསྐྲུན་རྒྱུ་བཏོན་ཡོད་དེ། ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་གཉིས་ཡིན་པ་རེད། དེའི་ནང་ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་སྣོད་བཅུད་དཔེ་སྟོན་ཁུལ་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གཙོ་གནད་དུ་བྱས་ཏེ་ལྗང་མདོག་ཐཱན་ཉུང་ཡུལ་སྐོར་དང་སྣོད་བཅུད་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཉང་ཆུའི་ཡུལ་སྐོར་ཁུལ་དང་། བྲག་གསུམ་མཚོའི་ཡུལ་སྐོར་ཁུལ། ཐང་སྨད་ཡིད་འོང་ཡུལ་སྐོར་ཁུལ། སྤོ་བོའི་འཁྱགས་རོམ་དང་ནགས་ཚལ་ཡུལ་སྐོར་ཁུལ། འཕྲེད་རྒྱུག་རི་བོའི་རྒྱ་མོ་རྔུལ་ཆུའི་གྲོག་རོང་གི་ཡུལ་སྐོར་ཁུལ། ཡར་ཀླུང་གཙང་པོ་དང་ཆུ་བོའི་གྲོག་རོང་གི་ཡུལ་སྐོར་ཁུལ། ཡར་ཀླུང་གཙང་པོའི་རོང་ཆེན་སོགས་སྣོད་བཅུད་ཡུལ་སྐོར་གྱི་ནུས་པའི་ཁུལ་ཆེ་གྲས་བདུན་ཁྱབ་གདལ་གཏོང་རྒྱུ་རེད། གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་གྱིས་རང་རྒྱལ་གྱི་མངའ་ཁོངས་སུ་གཙོ་བོ་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲེལ་ཡོད་ས་ཁོངས་སྐོར་བ་དང་། མངའ་རིས་ས་ཁུལ་གཙོ་བོར་བྱེད་པ། སྤུ་ཧྲེང་ལྟེ་བར་བྱེད་པ། གཞིས་རྩེ་གྲོང་ཁྱེར་གྱི་གྲོ་མོ་དང་། འགྲམ། སྐྱིད་གྲོང་། འདྲེན་ཐང་། རི་བོ་སོགས་མཐའ་མཚམས་ཀྱི་འགག་སྒོ་(གྲོང་ཁྱེར་དང་གྲོང་རྡལ)གཙོ་བོར་བྱས་ཏེ་སྤུ་ཧྲེང་གི་མཐའ་མཚམས་ཡུལ་སྐོར་ལ་སྐུལ་འདེད་བཏང་བ་དང་ཕྱོགས་ཁག་གི་ཕྱོགས་བསྡུས་རྣམ་པའི་སྲིད་ཇུས་བཟོ་བ་དང་ཁྱབ་གདལ་བཏང་ནས་ས་ཁོངས་སྒྲོལ་བའི་ཡུལ་སྐོར་མཉམ་ལས་བྱེད་ཐབས་གསར་གཏོད་སོགས་གཙོ་བོར་བྱས་ཐོག་མཉམ་ལས་ཁུལ་དེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།