འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སློབ་གྲྭར"མདའ་འཕེན་ལུས་རྩལ་བྱེད་སྒོ"སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭར་སྤེལ་བའི“མདའ་འཕེན་ལུས་རྩལ་བྱེད་སྒོ”དེ་མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་བྱིས་པའི་ལུས་རྩལ་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ནས་གཞོན་ནུ་ལོ་ཆུང་གི་གཟུགས་གཞི་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་གཞོན་ནུ་ལོ་ཆུང་གི་མདའ་འཕེན་ལུས་རྩལ་གྱི་ཤུལ་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད། 
          མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་དུ་ཐུན་མོང་མིན་པའི་སྣོད་བཅུད་དང་། མི་རིགས་མང་བ། རིག་གནས་སྣ་མང་བཅས་ཀྱི་ལེགས་ཆ་ལྡན་པ་དང་མདའ་འཕེན་ལུས་རྩལ་ནི་ས་གནས་མང་ཚོགས་ཚོས་དགའ་པོ་བྱེད་པའི་ལུས་རྩལ་ཞིག་ཡིན་པ་མ་ཟད། མང་ཚོགས་ཀྱི་རྨང་གཞི་དང་ཕུལ་བྱུང་རྒྱུན་འཛིན་གྱི་རྨང་གཞི་ཡག་པོ་ལྡན་ཡོད། 
           མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡར་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭར་སྤེལ་བའི“མདའ་འཕེན་ལུས་རྩལ་བྱེད་སྒོ”དེ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཅུས་དང་། ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བ་ཞིག་རེད། གཙོ་གཉེར་ཕྱོགས་ཀྱིས་མཉམ་དུ་མ་དངུལ་གྲབས་གསོག་བྱས་ཏེ་མདའ་ཆས་དང་སློབ་དེབ་ཉོས་ཏེ་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་མི་རིགས་སློབ་འབྲིང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མི་རིགས་དམའ་རིམ་སློབ་འབྲིང་གཉིས་པ་སོགས་ཁག་དང་པོའི་ཚོད་ལྟའི་སློབ་གྲྭ་བཅུར་སྤྲད་པ་དང་། ཚོད་ལྟའི་སློབ་གྲྭ་དེ་དག་གིས་སྦྱོང་བརྡར་གྱི་འཆར་གཞི་བཟོས་ནས་སློབ་མ་སྒྲིག་འཛུགས་ཀྱིས་གཟའ་འཁོར་རེར་མདའ་རྩལ་སྦྱོང་བརྡར་ཐེངས་གསུམ་བྱེད་ཀྱི་ཡོད། 
          དེ་ཉིན་གྱི་འགོ་ཚུགས་མཛད་སྒོར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་གི་ཚད་ལྟའི་སློབ་གྲྭ་10ལ་གཞུ་དང་། མདའ། འབེན་སོགས་ཡོ་ཆས་དང་སློབ་དེབ་སྤྲད་པ་རེད། 
          མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཆབ་ཆ་རྫོང་མི་རིགས་སློབ་འབྲིང་གི་དམའ་རིམ་ལོ་རིམ་གསུམ་པའི་སློབ་མ་སངས་རྒྱས་དོན་གྲུབ་ཀྱིས“སློབ་གྲྭའི་ཆེད་ལས་མདའ་རྩལ་སློབ་ཚན་དེ་ང་ཚོའི་གྲོང་ཚོ་དང་བསྡུར་ན་ཟབ་པ་འདུག དགེ་རྒན་ལགས་ཀྱིས་ང་ཚོར་ཆེད་ལས་ཀྱི་མདའ་འཕེན་སྟངས་སློབ་ཀྱི་འདུག སྦྱོང་བརྡར་བྱས་པ་བརྒྱུད་ངའི་མདའ་རྩལ་ལེཌ་སུ་ཕྱིན་སོང”ཞེས་བཤད་བྱུང་། 
          ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་གཞོན་ནུ་ལོ་ཆུང་མདའ་འཕེན་ལུས་རྩལ་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རྩལ་འགྲན་ཆུ་ཚད་མཐོ་རུ་གཏོང་ཆེད་མཚོ་སྔོན་ཞིང་ཆེན་གྱི་མདའ་འཕེན་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་དང་གཞོན་ནུ་ལོ་ཆུང་གི་མདའ་འཕེན་འགྲན་བསྡུར་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།