འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ས་མཐོར་གངས་ཤུད་གློད་པའི་དུས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གངས་ལྗོངས་ས་མཐོར་གངས་ཤུད་གློད་པའི་དུས་སུ་སླེབས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་གངས་ཤུད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་གོའུ་ཏ་མ་རྒྱལ་སྤྱིའི་གངས་ཤུད་ར་བར་འགོ་ཚུགས་ཤིང་། འགྲན་བསྡུར་ཆེ་མོ་དེས་མཚོ་སྔོན་དང་། ཧྲའན་ཤིས། ཀན་སུའུ་སོགས་ཀྱི་གངས་ཤུད་ལ་དགའ་པོ་བྱེད་མཁན་800ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།
         འགྲན་དོན་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་གངས་ཤུད་འགྲན་བསྡུར་ཆེ་མོ་ལ་གཙོ་བོ་གངས་ཁྲོད་དུ་ཐག་པ་འཐེན་པ་དང་། གངས་ཁྲོད་དུ་རྐང་རྩེད་སྤོ་ལོ་རྒྱག་པ། རང་འདོད་ཀྱི་རྒྱུག་མཐུད་གངས་ཤུད་གློད་པ་སོགས་སྤྲོ་སྣང་ལྡན་པའི་གངས་འཁྱགས་ཀྱི་རྣམ་གྲངས་འགྲན་བསྡུར་བྱ་རྒྱུ་དང་ཆབས་ཅིག་ཆེད་ལས་གངས་ཤུད་གློད་མཁན་གྱི་པང་ལེབ་གཅིག་མའི་བྱེས་བགྲོད་གངས་ཤུད་སོགས་འགྲན་བསྡུར་བྱ་རྒྱུ་རེད། འགྲན་བསྡུར་ཆེ་མོ་གཉེར་བའི་དམིགས་ཡུལ་ནི་མི་དེ་བས་མང་བས་གངས་འཁྱགས་ལུས་སྦྱོང་ལ་ཞུགས་ཏེ་གང་དེ་མཚོ་སྔོན་གྱི་དམངས་ཁྲོད་དུ་ཁྱབ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཞིག་ལ་རིམ་བཞིན་འགྱུར་བར་བྱ་རྒྱུ་དེ་རེད།
         ལོ་51ལ་སོན་པའི་ཨན་ཝུའེ་ཡིས་ལུས་རྩལ་གྱི་གྱོན་ཆས་གྱོན་པ་དང་ལག་ཏུ་གངས་ཤུད་ཡོ་ཆས་ཁྱེར་ཏེ་གངས་ཁྲོད་དུ་སླེབས་ཡོད་ཅིང་། དེ་ནི་ཁོང་གངས་ཤུད་ལུས་སྦྱོང་ལ་ཞུགས་ཐེངས་དང་པོ་རེད། འོན་ཀྱང་འཁྱགས་ཤུད་ལུས་སྦྱོང་ནི་ཁོང་གི་ངོས་ནས་བརྗོད་ཚེ་རྒྱུས་མངའ་མེད་པ་ཞིག་མ་ཡིན། དེ་ཡང་ལོ་ཉི་ཤུ་ལྷག་ཙམ་རིང་དགུན་ཁ་ཤར་རིམ་བཞིན་ཁོང་གིས་འཁྱགས་ཤུད་གློད་པར་འགྲོ་གི་ཡོད་ལ་དུས་རྒྱུན་གཟའ་མཇུག་ཏུ་རི་འཛེག་པར་ཡང་སྐྱོད་ཀྱི་ཡོད།
         ལོ་26ལ་སོན་པའི་ལི་ཝུན་ཅུན་སྔ་ས་ནས་གངས་ཤུད་མཁས་ཅན་དུ་གྱུར་ཡོད། ལོ་བཞི་ཡི་གོང་ཁོང་གིས་ཟི་ལིང་གྲོང་ཁྱེར་གྱི་གངས་ཤུད་གློད་ས་ཞིག་ཏུ་ལས་ཀ་བྱས་ནས་བསྡད་ཅིང་། མི་གཞན་གངས་ཤུད་གློད་སྐབས་ཀྱི་སྤྲོ་སྣང་མཐོང་དུས་ཁོང་གིས་ཚོད་ལྟ་དང་བཅས་གངས་ཤུད་གློད་འགོ་བརྩམས་ཡོད། དེ་ནས་བཟུང་ཁོང་གངས་ཤུད་ལ་དགའ་པོ་ཆགས་པས། དེ་སྔ་ད་དུང་ཁོང་ལན་ཀྲོའུ་སོགས་ལ་ཆེད་མངགས་སློབ་སྦྱོང་བྱེད་པར་སྐྱོད་མྱོང་ཡོད། “གངས་ཤུད་ཀྱིས་རང་ཉིད་ལ་སྤྲོ་སྣང་ཚད་མེད་སྦྱིན་གྱི་འདུག་པས་སྦྱོང་འདོད་དེ་བས་ཆེ་རུ་འགྲོ་གི་འདུག”ཅེས་བཤད།
          མཚོ་སྔོན་ནི་གཙང་གསུམ་ཆུ་འགོ་ཡིན་པ་དང་གངས་འཁྱགས་ཀྱི་ཐོན་ཁུངས་ཕུན་སུམ་ཧ་ཅང་ཚོགས་པོ་ཡོད་སྟབས་གངས་འཁྱགས་ལུས་སྦྱོང་གི་རྣམ་གྲངས་སྤེལ་བར་རང་བྱུང་གི་ཆ་རྐྱེན་ཧ་ཅང་བཟང་པོ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་གངས་ཤུད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ནི“མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་དུས་ཚིགས་སྐབས་གསུམ་པའི”བྱེད་སྒོ་རབ་དང་རིམ་པའི་གྲུབ་ཆ་གལ་ཆེན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།