འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོན་ཕུས་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་སླར་ཡང་ཟླ་བའི་གོ་ལར་བསྐྱོད་རྒྱུའི་ཁྱབ་བསྒྲགས་
    བྱས་པར་ཕྱི་འབྲེལ་པུས་ཨ་ལན་སློག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཨ་རིས་ཟླ་བའི་གོ་ལར་སླར་ཡང་བསྐྱོད་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་པར་དམིགས་ནས་ཚེས་12ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཞི་བའི་ངང་ཕྱིའི་བར་སྣང་སྤྱོད་པའི་གནད་དོན་འཚོལ་ཞིབ་ཐད་རྒྱལ་ཁབ་ཁག་ལ་ཚན་རྩལ་ཡར་ཐོན་ཡོང་བ་ཀྲུང་གོ་ཕྱོགས་ནས་མཐོང་འདོད་ཡོད་ལ་ཕྱིའི་བར་སྣང་གོ་མཚོན་ཅན་དུ་འགྱུར་རྒྱུ་འགོག་པའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་ཞེས་བཤད་པ་རེད།
          ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཚེས་12ཉིན་ཙུང་ཐུང་ཐེ་རོན་ཕུས་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་སླར་ཡང་ཟླ་བའི་གོ་ལར་བསྐྱོད་ནས་མཐར་སྐར་མ་མིག་དམར་ཐོག་བསྐྱོད་རྒྱུའི་ཁྱབ་བསྒྲགས་བྱས་འདུག ཐེ་རོན་ཕུས་བར་སྣང་ཁམས་དང་ཁྱབ་ཁོངས་གཞན་དག་མང་པོའི་དབར་གྱི་བཀོལ་སྤྱོད་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པའི་ནང་དམག་དོན་ཐད་ཀྱི་བཀོལ་སྤྱོད་ཀྱང་ཚུད་ཡོད་ཅེས་བརྗོད་ཡོད་པ་རེད། ཨ་རིས་རང་ཉིད་ཀྱི་དམིགས་ཡུལ་ཆེད་བར་སྣང་ཁམས་དམག་དོན་ཅན་དུ་འགྱུར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སེམས་ཁྲལ་བྱེད་ཀྱི་ཡོད་དམ་ཞེས་དྲིས།
         ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གིས་ཞི་བའི་ངང་ཕྱིའི་བར་སྣང་སྤྱོད་པའི་གནད་དོན་ཐད་ཐོབ་པའི་ཚན་རྩལ་ཡར་ཐོན་མཐོང་འདོད་ཡོད་ལ། ཞི་བའི་ངང་ཕྱིའི་བར་སྣང་གི་ཁྱབ་ཁོངས་སྤྱོད་པའི་འཕེལ་རིམ་གསར་པ་ལས་མཐར་མིའི་རིགས་ཚང་མར་ཕན་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་གནད་དོན་དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཁག་གཞན་དག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བཤད་པ་རེད།
         ཕྱིའི་བར་སྣང་གོ་མཚོན་ཅན་དུ་འགྱུར་རྒྱུ་འགོག་པའི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་ལ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོས་སྔ་ས་ནས་རེ་ནེ་ཝའི་གོ་མཚོན་ཉུང་འཕྲིའི་གྲོས་མོལ་ཚོགས་འདུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཁག་ཚང་མས་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ་གང་མགྱོགས་གྲོས་མོལ་བྱས་ནས་ཕྱིའི་བར་སྣང་གོ་མཚོན་ཅན་དུ་འགྱུར་རྒྱུ་འགོག་པའི་སྲོལ་ཡིག་འཇོག་རྒྱུར་གཞོལ་བའི་རེ་བ་ཡོད་པ་ཁ་གསལ་བཏོན་ཡོད་ཅེས་ལུའུ་ཁང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།