འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུས་ཕྱོགས་མང་ཚོང་དོན་
    སྒྲིག་སྲོལ་ལ་དམིགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྐབས་11པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཟླ་12ཚེས་10ཉིན་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིར་འགོ་ཚུགས་པ་རེད། ཐེངས་འདིའི་ཚོགས་འདུ་ཚོགས་ཡུན་ཉིན་4ཡིན་པ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་། ཞིང་ལས། མ་འཇོག་སྟབས་བདེ་ཅན། དྲ་ཐོག་ཚོང་དོན་སོགས་ཀྱི་གྲོས་གཞིར་དམིགས་རྒྱུ་རེད།
          འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་ཝེ་ཏུའོ་དང་སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཀྲུའུ་ཞི་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ཟུར་པ་སུའུ་ཧྲན་ན·མར་ཁོའོ་ལ་ཕུད་པའི་ཨ་ཀེན་ཐིན་གྱི་ཙུང་ཐུང་མཱ་ཁེ་ལི་དང་། པར་ཙིར་གྱི་ཙུང་ཐུང་ཐེ་མེར། ཕ་ར་ཀུའེ་ཡི་ཙུང་ཐུང་ཁ་ཐེ་སི། ཝུ་ར་ཀུའེ་ཡི་ཙུང་ཐུང་པ་སི་ཁེ་སི་བཅས་ཀྱང་འགོ་འཛུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ཏེ་ཚོགས་འདུར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         མཱ་ཁེ་ལིས་ཤིས་ཚིག་གསུངས་སྐབས་འཛམ་གླིང་ཚོང་དོན་རྩ་འཛུགས་བཙུགས་པ་ནས་བཟུང་ཚོང་དོན་ནི་སྔ་ཕྱི་བར་གསུམ་དུ་དཔལ་འབྱོར་འཕར་བའི་འགག་རྩའི་སྒུལ་ཤུགས་ཤིག་ཡིན། དེང་སྐབས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཕྱོགས་སྒྱུར་གཏིང་ཟབ་བྱེད་པའི་དུས་སྐབས་སུ་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་འགྲན་སློང་ཁ་ཤས་འཕྲད་པས་འབྲེལ་ཡོད་ཕྱོགས་ཁག་ཚང་མར་འགྲན་སློང་དེ་དག་གོ་སྐབས་སུ་འགྱུར་བ་བྱེད་པའི་འགན་འཁྲི་ཡོད་ཅེས་གསུངས་པ་དང་ཁོང་གིས་འཐུས་མི་ཚོར་ཇི་ལྟར་བྱས་ཏེ་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་སྤྱིའི་ཚོང་དོན་ལས་མི་དེ་བས་མང་བར་ཕན་པ་ཐོབ་པ་བྱས་ཏེ་གོ་ལ་ཧྲིལ་པོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད་གཅིག་སྡུད་གྲོས་བསྡུར་བྱེད་དགོས་པའི་རེ་འབོད་གནང་བ་རེད།
         ཐེ་མེར་གྱིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ནི་ཚོང་དོན་རྒྱ་ཆེར་གཏོང་བ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་མང་དུ་གཏོང་བ། ཐུན་མོང་ཐོག་དར་རྒྱས་གཏོང་བ་བཅས་ཀྱི་རྨང་གཞིའི་མ་ལག་ཡིན་ལ་ཚོང་དོན་སྲུང་སྐྱོང་རིང་ལུགས་བཀག་འགོག་དང་ཚོང་དོན་དྲང་གཞག་འགན་ལེན་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་ཞིང་། ཁེར་རྐྱང་རིང་ལུགས་དེ་དེང་སྐབས་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་གཙོ་རྒྱུན་དུ་འགྱུར་མི་རུང་ལ་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་བརྟེན་ནས་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་དོན་དངོས་དང་མི་འཚམ་པ་ཞིག་རེད་ཅེས་གསུངས་པ་རེད།
         ཨ་ཙེ་ཝེ་ཏུའོ་ཡིས་དེང་སྐབས་ཀྱི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱིས་འཇིགས་སྐུལ་ཡང་ཡང་བཟོ་གི་ཡོད་པས་ཚོང་དོན་སྒྲིག་སྲོལ་སྔར་བས་བཟང་སྒྲིག་བྱས་ཏེ་མི་དེ་བས་མང་བར་དེའི་ཁྲོད་ནས་ཕན་པ་ཐོབ་ཐབས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡོད་ཅེས་གསུངས་པ་རེད།
         མར་ཁོའོ་ལ་ཡིས་ད་ཐེངས་ཀྱི་ཚོགས་འདུས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་པས་གོ་ལ་ཧྲིལ་པོའི་ཚོང་དོན་ཐད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་བཞིའི་ཙུང་ཐུང་གིས་ད་དུང་《པུ་དབྱི་ནོ་སི་ཨེ་རི་སིའི་བསྒྲགས་གཏམ་》ཐོག་མཚན་རྟགས་བཀོད་པ་དེའི་དམིགས་ཡུལ་ནི་དེ་བས་རྒྱ་ཁྱབ་དང་། འདྲ་མཉམ། ཁ་གསལ་གཏིང་གསལ་བཅས་ཀྱི་ཚོང་དོན་གྱིས་དབུལ་ཕོངས་ཉུང་དུ་གཏོང་ཆེད་རེད།
      

    ཕྱོགས་བསྡུས་གསར་འགྱུར།