འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སློབ་གསོ་ཚན་རིག་ཁང་གིས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་ཚད་གཞི་
    ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན། ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་པེ་ཅིང་ཀོང་ཨན་ཁྱིམ་ཚང་འཕེལ་རྒྱས་ཞིབ་འཇུག་ཁང་དང་མཉམ་དུ་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་ཚད་གཞི་ཁྱབ་བསྒྲགས་བྱས་ནས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་པའི་འོས་བབ་དང་། ཞབས་ཞུའི་ནང་དོན། སློབ་ཚན་བཀོད་སྒྲིག ཞབས་ཞུ་ལག་བསྟར། ཞབས་ཞུའི་སྤུས་ཚད་གདེང་འཇོག་དང་ལེགས་གཏོང་སོགས་ཀྱི་ཐད་ཆེད་ལས་ཀྱི་བླང་བྱ་བཏོན་པ་རེད།
         ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཐེན་ཧུའེ་ཧྲེང་གིས་ད་ཕན་ལོ་ཤས་རིང་། ཁྱིམ་ཚང་སློབ་གསོར་རིམ་བཞིན་སྤྱི་ཚོགས་ཀྱི་ཡོངས་ཁྱབ་དོ་ཁུར་ཐོབ་པ་དང་སྦྲགས། ཁྱིམ་ཚང་སློབ་གསོའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། རྒྱལ་ཁབ་རིམ་པའི་སློབ་གསོའི་ཇུས་འདོན་ཚོགས་པ་ཡིན་པའི་ངོས་ནས་ཀྲུང་གོ་སློབ་གསོ་ཚན་རིག་ཁང་ལ་ཁྱིམ་ཚང་སློབ་གསོའི་ཁྱབ་ཁོངས་ཀྱི་འགག་རྩའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་མ་ཟད། མཛུབ་ཁྲིད་ཚད་གཞི་ཡང་འདོན་པའི་འགན་འཁྲི་ཡོད་ཅེས་བཤད་པ་རེད།
         བསྡོམས་རྩིས་ལས་མངོན་པར། མིག་སྔར་རང་རྒྱལ་དུ་ན་སོ་དར་ལ་མ་བབས་པའི་མི་སྣའི་ཁྱིམ་ཚང་དུང་ཕྱུར་3ལྷག་ཡོད་པ་དང་། ཁྱིམ་ཚང་མི་ཉུང་བ་ཞིག་ལ་ཁྱིམ་ཚང་གི་འབྲེལ་བ་ལེགས་པོ་མེད་པ་དང་། བུ་ཕྲུག་གི་སློབ་གསོ་ཡག་པོ་མ་བྱུང་བ། ཁྱིམ་ཚང་གི་གནས་ཚུལ་ཡང་སེ་ཐོན་པ། ཕྲུ་གུ་འཚར་ལོངས་ཡག་པོ་མ་བྱུང་བ་སོགས་ཀྱི་སྣང་ཚུལ་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་ལམ་ལུགས་ཅུང་འཐུས་སྒོ་ཚང་པོ་མེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཞན་པ། ཆེད་ལས་ཤེས་ལྡན་མི་སྣ་དཀོན་པ་བཅས་ལས་ཚད་ལྡན་གྱི་མཛུབ་ཁྲིད་དགོས་མཁོ་བསྐང་ཐུབ་ཀྱི་མེད་པ་རེད།
        ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་འབུམ་རམས་པ་ཧྲན་ཀྲེ་ཡན་གྱིས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་ཚད་གཞི་ནི་ཀྲུང་གོའི་ཁྱིམ་ཚང་གི་གནས་ཚུལ་གཞིར་བཟུང་མཛུབ་ཁྲིད་བྱེད་པའི་བཀོལ་སྤྱོད་མ་ལག་ཅིག་རེད། བློ་འདྲི་དང་མཛུབ་ཁྲིད་ནང་དོན་མི་སྒེར་གྱི་མི་ཚེའི་འཚར་ལོངས་དུས་མཚམས་ཁག་ལ་ཁྱབ་པ་དང་། ནང་དོན་བཀོད་སྒྲིག་ཐད་མ་ལག་ཅན་ཡིན་པ་དང་མཛུབ་ཁྲིད་བྱེད་སྟངས་ཐད་ཡུལ་དངོས་དང་བསྟུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།