མི་དམངས་དྲ་བ།

༄༅།།མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་པའི་ནན་
བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་སྤེལ་རེས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་། གཞི་རྩའི་ཁྱད་ཆོས། ངོ་བོའི་བླང་བྱ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དེ་བས་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲང་ཏེ་ཅང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གྱི་གསར་གཏོད་ཅིག་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ལེགས་ཆ་དང་ཁྱད་ཆོས་གཅིག་སྡུད་ཐོག་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་ལེགས་ཆ་ཆེ་ཤོས་དེ་ཡིན་ལ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་དང་གནད་འགག་གི་ཆ་ཡང་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲང་ཏེ་ཅང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས་ཀྲུང་གོ་མི་དམངས་རང་ཐག་རང་གཅོད་ཐུབ་རྒྱུར་འགན་ལེན་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་སྟངས་འཛིན་ཡག་པོ་ཐུབ་པའི་འགན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་རེད། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་མི་དམངས་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། མི་དམངས་དམངས་གཙོའི་དབང་ཆ་འགན་ལེན། མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་མི་དམངས་གོ་རིམ་ལྡན་པའི་སྒོ་ནས་སྲིད་ཞུགས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཁྲིམས་འཛུགས་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་ལྟེ་བར་འཛིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩར་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་ལ་བརྟེན་ནས་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཁྲིམས་འཛུགས་ལ་བརྟེན་ནས་སྣེ་ཁྲིད་དང་། སྐུལ་འདེད། ཚད་ལྡན། འགན་ལེན་བཅས་ཀྱི་སྒྱུར་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྒྱུར་བཅོས་གལ་ཆེན་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ཡོད་པ་དང་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལྟ་སྐུལ་དབང་ཆ་བེད་སྤྱོད་ཏན་ཏིག་བྱས་ནས་ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ལྟ་སྐུལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།