འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོ་གཏན་འཁེལ་བྱ་ཐབས་ཚོད་ལྟའི་ངང་
    ལག་ལེན་བསྟར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། འགྲོ་སོང་མི་གཏོང་ཀ་མེད་དབང་གིས་དབུལ་པོ་ཆགས་པའི་ཁྱིམ་ཚང་དཀའ་ངལ་གྱི་གནས་ལས་སྒྲོལ་རོགས་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོ་གཏན་འཁེལ་བྱ་ཐབས་(ཚོད་ལྟའི་ལག་ལེན)》བཏོན་ནས་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོ་གཏན་འཁེལ་དང་དེ་བཞིན་རོགས་སྐྱོབ་ལས་དོན་ཐད་གཏན་འབེབས་ཞིབ་ཕྲ་བཟོས་ཡོད་པ་རེད།
           བྱ་ཐབས་དེའི་ནང་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོའི་མཚན་ཉིད་གཏན་འཁེལ་ཁ་གསལ་བྱས་པ་སྟེ། ཞིབ་པར་བརྗོད་ན་ཁྱིམ་ཚང་གི་ནང་མིར་ནད་གཞི་ལྕི་པོ་ཕོག་པ་དང་། བུ་ཕྲུག་སློབ་གྲྭར་སྐྱོད་པ། ཐོལ་བྱུང་དོན་རྐྱེན་ཐོན་པ་སོགས་ལས་མི་གཏོང་ཀ་མེད་ཀྱི་གཏོང་སྒོ་ཐེག་ནུས་ལས་བརྒལ་ཏེ་འཚོ་བར་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ལ་ཟེར།
          མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་སྤྱི་ཚོགས་རོགས་སྐྱོབ་ཁྲུའི་ཁྲུའུ་ཀྲང་ཝང་ཤིའུ་ཆིང་གིས་ད་ལྟ་ལག་ལེན་བསྟར་བཞིན་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གི་དམིགས་ས་གཙོ་བོ་ནི་ཡོང་འབབ་རང་བཞིན་གྱི་དབུལ་པོ་ཡིན་མོད། འོན་ཀྱང་ཁྱིམ་ཚང་ལ་ལར་འགྲོ་སོང་མི་གཏོང་ཀ་མེད་མང་བའི་དབང་གིས་དབུལ་པོ་ཆགས་པའང་ཡོད། ཚོད་ལྟའི་ལག་ལེན་བྱེད་ཐབས་དེ་འདོན་པའི་དམིགས་ཡུལ་ནི་ད་ལྟ་ལག་ལེན་བསྟར་བཞིན་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཆེད་དུ་རེད་ཅེས་བཤད་པ་རེད།
          བྱ་ཐབས་དེའི་ནང་འགྲོ་སོང་རྣམ་པའི་དབུལ་པོར་ཡུན་རིང་འགྲོ་སོང་རྣམ་པའི་དབུལ་པོ་དང་ཐེངས་གཅིག་རང་བཞིན་གྱི་འགྲོ་སོང་རྣམ་པའི་དབུལ་པོ་གཉིས་སུ་ཕྱེ་བ་དང་ཆབས་ཅིག དབུལ་པོའི་རིགས་མི་འདྲ་བར་དམིགས་ཏེ་ཆ་མཚུངས་ཀྱི་རོགས་སྐྱོབ་བྱེད་ཐབས་ཀྱང་བཏོན་ཡོད། ཡུན་རིང་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོར་ཆ་མཚོན་ན། སྨན་བཅོས་དང་། སློབ་གསོ། སྡོད་ཁང་སོགས་ཆེད་དམིགས་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོབ་བྱས་ནའང་སྔར་བཞིན་དབུལ་སྒྲོལ་ཐུབ་མེད་པའི་རིགས་གཏན་འབེབས་དང་གོ་རིམ་གཞིར་བཟུང་། མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་སུ་འཇུག་དགོས་པ་དང་ཐེངས་གཅིག་རང་བཞིན་གྱི་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོར་ཆ་མཚོན་ན། སྨན་བཅོས་དང་། སློབ་གསོ། སྡོད་ཁང་སོགས་ཆེད་དམིགས་རོགས་སྐྱོབ་དུས་ཐོག་ཏུ་བྱེད་པ་དང་གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་དགོས་ཀྱི་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ནི་རང་རྒྱལ་གྱི་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོ་གཏན་འཁེལ་དང་རོགས་སྐྱོབ་བྱ་ཐབས་ཚོད་ལྟའི་ངང་ལག་ལེན་བསྟར་མཁན་དབུས་ནུབ་ས་ཁུལ་གྱི་ཞིང་ཆེན་ཐོག་མ་ཡིན་ཞིང་། མིག་སྔར་པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་སོགས་ས་གནས་ཚང་མས་ནད་གཞིའི་འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་པོའི་རོགས་སྐྱོབ་ལམ་ལུགས་འཚོལ་ཞིབ་བྱས་ནས་བཟོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།