འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་ཆེན་ཚེ་བརྟན་གྱིས་མི་རིགས་ཀྱི་གསོ་རིག་གིས་བདེ་ཐང་གི་ཀྲུང་གོ་བསྐྲུན་རྒྱུར་རམ་
    འདེགས་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང‘ཀྲུང་ནུབ་གསོ་རིག་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་གཏོང་དགོས’ཞེས་བཏོན་ཡོད། ཀྲུང་ལུགས་གསོ་རིག་ནང་ང་ཚོའི་བོད་ལུགས་གསོ་རིག་ཀྱང་ཚུད་ཡོད་པས་དེས་ང་ཚོ་མི་རིགས་ཀྱི་གསོ་རིག་བྱ་གཞག་ལ་སྒུལ་ཤུགས་ཆེན་པོ་ཞིག་སྤྲད་ཡོད”ཅེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་དབང་ཆེན་ཚེ་བརྟན་གྱིས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཚོར་སྒྲོག་འགྲེལ་གནང་སྐབས་དེ་ལྟར་གསུངས་པ་རེད།
         འདི་ལོ་ལོ་52ལ་སླེབས་པའི་དབང་ཆེན་ཚེ་བརྟན་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་སྨན་པ་ཡིན་པའི་སྤོ་བོ་དང་མཉམ་དུ་ཕྱི་རོལ་དུ་སྨན་རྩྭ་འཐུ་བ་དང་སྨན་རྩྭ་ངོས་འཛིན་དུ་འགྲོ་གི་ཡོད། སློབ་འབྲིང་འགྲིམ་སྐབས་དགའ་ཤོས་ཀྱི་དཔེ་དེབ་ནི《མཚོ་བོད་ས་མཐོའི་སྨན་རྩྭ་ཕྱོགས་བསྡུས་མེ་ལོང》ཞེས་པ་དེ་ཡིན་པ་རེད། མདའ་བཞི་རྫོང་ཝ་མགྱོགས་ཤང་འཕྲོད་བསྟེན་ཁང་ནས་མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་བར་གྱི་བགྲང་བྱ་30ལྷག་ཙམ་རིང་། དབང་ཆེན་ཚེ་བརྟན་གྱིས་བོད་ལུགས་གསོ་རིག་བྱ་བར་བརྩོན་ཡོད་ལ་བོད་ལུགས་གསོ་རིག་བྱ་གཞག་ཐད་གོང་འཕེལ་མྱུར་པོ་བྱུང་བའང་མིག་མཐོང་ལག་ཟིན་བྱུང་ཡོད།
        “1997ལོར། ང་མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་དུ་ལས་ཀར་ཡོང་སྐབས་སྨན་ཁང་ལ་ཐོག་ཁང་གཅིག་དང་ཚན་ཁག་གཉིས་ལས་མི་འདུག ཉིན་ལྟར་སྨན་བཅོས་བྱེད་པར་ཡོང་མཁན་ནད་པ་100ཡས་མས་ཟིན་གྱི་འདུག ད་ཆ་སྨན་ཁང་གི་ལས་སྒོའི་ཁང་པའི་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་ཁྲི་10ཟིན་པ་དང་། སྨན་བཅོས་ཚན་ཁག་19དང་ཉལ་ཁྲི་840ཡོད། ཉིན་གཅིག་ལ་ནད་པ་མང་ཤོས་1000ལྷག་ལ་སྨན་བཅོས་བྱེད་ཀྱི་ཡོད”ཅེས་དབང་ཆེན་ཚེ་བརྟན་གྱིས་གསུངས།
         གྲངས་འབོར་ཙམ་མ་ཟད་ནད་པའི་གྲུབ་ཆར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། དབང་ཆེན་ཚེ་བརྟན་གྱིས་དེ་སྔ་ནད་པ་མང་ཆེ་བ་མཚོ་སྔོན་ཞིང་ཆེན་གྱི་འབྲོག་ཁུལ་ནས་ཡིན་པ་མ་ཟད། བོད་རིགས་དང་ཧུད་རིགས་སོགས་གྲངས་ཉུང་མི་རིགས་རེད། ཉེ་བའི་ལོ་ཤས་རིང་། ཚན་ཁག་འཐུས་སྒོ་ཚང་དུ་ཕྱིན་པ་དང་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་ཕྱིན་པས་མི་དེ་བས་མང་བས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་ཤེས་ནས་སྨན་བཅོས་བྱེད་པར་ཡོང་བའི་ས་ཁུལ་གཞན་དང་མི་རིགས་གཞན་གྱི་ནད་པའང་རིམ་བཞིན་མང་དུ་སོང་ཡོད་ཅེས་གསུངས།
         “བོད་ལུགས་གསོ་རིག་ལ་གྲུམ་ནད་སོགས་སྨན་བཅོས་ཐད་ཐུན་མིན་གྱི་ཕན་ནུས་ལྡན་ཡོད། ད་ཆ་ང་ཚོའི་ནད་པ་30%ཙམ་གྲོང་ཁྱེར་ནས་ཡིན་པ་དང་ད་དུང་ཕྱི་རྒྱལ་གྱི་ནད་པ་མང་པོ་ཞིག་ནད་གཞི་བརྟག་དཔྱད་དང་སྨན་ཉོ་བར་ཡོང་གི་ཡོད”ཅེས་ཁོང་གིས་གསུངས།
         ཡིན་ནའང་། གོང་འཕེལ་མྱུར་པོ་ཕྱིན་པ་དང་སྦྲགས་དུས་ཡུན་རིང་པོའི་ནང་བོད་ལུགས་གསོ་རིག་བྱ་གཞག་ལ་ཤེས་ལྡན་པ་དཀོན་པ་དང་ཚན་ཞིབ་ནུས་པ་ཞན་པ་སོགས་ཀྱི་གནད་དོན་འཕྲད་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་བཏོན་པ་དེས་དབང་ཆེན་ཚེ་བརྟན་དང་ཁོང་གི་ལས་རོགས་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད།
         “བོད་རིགས་ས་ཁུལ་གྱི་ཐག་རིང་འབྲོག་ཁུལ་དང་མཐོ་གྲང་ས་ཁུལ་གྱི་གཞི་རིམ་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་དགོས་ལ་སྨན་བཅོས་ཆུ་ཚད་ཀྱང་མཐོ་རུ་གཏོང་དགོས་ཀྱི་ཡོད། མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་འདི་ཉིད་ཞིང་ཆེན་ཡོངས་ཀྱི་ནད་སྡོད་སྨན་ཁང་གི་སྨན་པ་བཀའ་བཅུ་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་རྟེན་གཞི་ཞིག་ཡིན་པའི་ངོས་ནས་དོན་དངོས་དང་འཚམ་པའི་མཁོ་ཆོད་སྨན་པ་གསོ་སྐྱོང་བྱེད་སྟངས་ཤིག་འཚོལ་ཞིབ་དང་བཙུགས་ཏེ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་ལ་ཕུལ་བྱུང་གི་སྨན་དོན་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས”ཞེས་མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་མཆིན་མཁྲིས་ཚན་ཁག་གི་ཀྲུའུ་རེན་ལྷ་མཁར་རྒྱལ་གྱིས་སྒྲོག་འགྲེལ་ཉན་རྗེས་གསར་འགོད་པར་བརྗོད་བྱུང་།
         དབང་ཆེན་ཚེ་བརྟན་གྱིས་ལོ་རྒྱུས་སོགས་ཀྱི་རྐྱེན་པས་བོད་ལུགས་གསོ་རིག་བྱ་གཞག་གི་ཚན་ཞིབ་རྨང་གཞི་ཅུང་སྐྱོ་བ་དང་ཚོད་ལྟ་ཁང་འཛུགས་སྐྲུན་ཡང་རྗེས་སུ་ལུས་ཡོད། བོད་ལུགས་གསོ་རིག་གོང་འཕེལ་འགྲོ་རྒྱུར་རམ་འདེགས་བྱ་ཆེད། བོད་ལུགས་གསོ་རིག་ལས་དོན་པས་ཚན་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རིགས་ཁག་གི་ཚན་ཞིབ་རྣམ་གྲངས་ནང་ཧུར་ཐག་ཞུགས་པ་དང་རེ་འདུན་ཞུ་བ་དང་། རིགས་ཁག་གི་ཚན་ཞིབ་གསོ་སྦྱོང་ནང་ཞུགས་པ། ཚན་ཞིབ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         “ང་ཚོ་མི་རིགས་གསོ་རིག་ལས་དོན་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྣེ་ཁྲིད་འོག་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་དང་ཞིང་འབྲོག་པའི་དགོས་མཁོ་གཞིར་བཟུང་། ལས་དོན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་གསར་གཏོད་བྱས་ཏེ་མི་རིགས་གསོ་རིག་གི་ཞབས་ཞུ་སྒྲུབ་ནུས་སྔར་བས་ཆེ་རུ་བཏང་སྟེ་བདེ་ཐང་གི་ཀྲུང་གོ་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་དབང་ཆེན་ཚེ་བརྟན་གྱིས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།