འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་རྩྭ་ར་ཉམས་ཞན་དུ་སོང་བའི་གནད་དོན་ཐག་གཅོད་ཐུབ་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། 2015ལོ་ཚུན། མཚོ་སྔོན་མི་སྤྱི་ཐིང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་རིག་འདྲེན་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང་ཚན་ཞིབ་ཚོགས་པ་དང་ནེའུ་ཙི་ལན་དང་ཨ་རི་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་མི་ཐེངས་30ཡིས་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་རྫོང་གི་རྩྭ་ར་ཉམས་ཞན་དུ་སོང་བའི་གནད་དོན་ལ་ལོ་3གྱི་མཉམ་ལས་ཞིབ་འཇུག་བྱས་པས་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་ཡོད་པ་རེད།
         རྨ་ཁུག་དང་པོར་གནས་པའི་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་དེ་ཡིན། དེ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ཁུལ་དུ་གནས་པས་མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྒོ་ཆེ་མོ་ཞེས་བརྗོད་སྲོལ་ཡོད་པ་དེ་ཡང་རྒྱལ་ཡོངས་སྐྱེ་ལྡན་འབྲོག་ལས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དེ་ཡིན།
         ཚན་ཞིབ་འབྲས་བུ་གསར་ཤོས་ལས་མངོན་དོན། ཕྱུགས་འཚོ་ཐལ་དྲགས་པ་དང་འབྲོག་ལས་ཐོན་རྫས་ཕྱིར་ཚོང་ལས་ཐོན་པའི་ཆོན་ཏན་གྱི་འདུས་ཚད་དམའ་རུ་ཕྱིན་པ་དང་འཚོ་བཅུད་ཤོར་བ་ནི་མཚོ་བོད་ས་མཐོའི་མཐོ་གྲང་རྩྭ་ར་ཉམས་ཞན་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་རེད། རྣམ་གྲངས་དེའི་རིགས་གཅིག་མཁས་ཅན་གྱིས་དམིགས་ས་ཡོད་པའི་སྒོ་ནས་ནེའུ་ཙི་ལན་ནས་ནང་འདྲེན་བྱས་པའི་སྲན་རིགས་རྩི་ཤིང་ཀའོ་ཅ་སུའོ་རྩྭ་འདབ་གསུམ་མ་བཏབ་སྟེ་ས་བཅུད་གསོ་བ་དང་ཕྱུགས་རྩྭ་མཁོ་འདོན། རྩྭ་སྐྱེ་འཚར་བཟང་དུ་འགྲོ་བ་བཅས་བྱུང་ཡོད།
         ཤེས་རྟོགས་བྱས་པར་གཞིགས་ན། མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། ས་རྒྱ་ཆེ་ཤོས། དམིགས་བསལ་གྱི་སྣོད་བཅུད་མ་ལག་རིགས་ཤིག་ཡིན་ལ་རྨ་ཆུ་དང་འབྲི་ཆུ་སོགས་གཙང་པོའི་ཆུ་འགོ་དང་སའི་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་གྲུབ་ས་དང་སྙོམས་སྒྲིག་ཁུལ་ཡང་ཡིན་པས་ཁོར་ཡུག་ཕན་ནུས་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་རེད། མཚོ་བོད་ས་མཐོའི་མཐོ་གྲང་རྩྭ་ར་ཉམས་ཞན་དུ་སོང་བའི་རྒྱུ་རྐྱེན་ཐག་གཅོད་ཐུབ་རྒྱུ་དེས་སྣོད་བཅུད་ཀྱི་མ་ལག་གལ་ཆེན་དེར་སྲུང་སྐྱོང་གཏིང་ཟབ་དང་ལེགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཀའོ་ཅ་སུའོ་ཡི་རྩྭ་འདབ་གསུམ་མ་སོགས་སྲན་རིགས་རྩི་ཤིང་ས་བབ་མཐོ་བའི་ས་ཁུལ་དུ་ཚོད་འདེབས་ལེགས་གྲུབ་བྱུང་ནས་མཐོ་གྲང་རྩྭ་ར་ཉམས་ཞན་དུ་སོང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཐབས་ལམ་ནུས་ལྡན་ཞིག་རྙེད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།