འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས"ཀྲུང་གོའི་ལན་པར་2025”ཡི་རྒྱལ་ཁབ་ རིམ་པའི་དཔེ་སྟོན་ཁུལ་གཏོད་
    རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《“ཀྲུང་གོའི་ལན་པར2025”ཡི་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་གཏོད་རྒྱུའི་སྐོར་གྱི་བརྡ་ཐོ་》དཔར་འགྲེམས་བྱས་ཤིང་། དེའི་ནང་དཔེ་སྟོན་ཁུལ་བཏོད་པ་དེ་ས་ཁུལ་གྱིས་དངོས་ཚན་དཔལ་འབྱོར་དང་ལྷག་དོན་དུ་བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་གྱི་ཐབས་ལམ་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད་ཅིང་། རང་རྒྱལ་གྱིས་ཀྱང་ཐོན་ལས་ལེ་ལག་ཚང་བ་དང་གསར་གཏོད་འདེགས་སྐྱོར་སོགས་ཀྱི་ཐད་དཔེ་སྟོན་ཁུལ་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡང་བྱ་རྒྱུ་རེད། བཟོ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཤིན་གོ་པིན་གྱིས་བྱེད་ཐབས་དེར་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྔར་བས་རོགས་རམ་དང་ཁྲོམ་རའི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུར་གསར་གཏོད་ཀྱི་དོན་སྙིང་དང་དཔེ་སྟོན་གྱི་ཕན་ནུས་ལྡན་ཡོད་ཅེས་བརྗོད།
         《བརྡ་ཐོའི་》ནང་ཁ་གསལ་བཏོན་དོན། ཐད་སྐྱོང་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དང་ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་དཔེ་སྟོན་ཁུལ་གཏོད་པའི་རེ་བ་ཞུ་ཆོག་པ་དང་བར་ཐག་ཉེ་པོ་དང་ཐོན་ལས་སྦྲེལ་མཐུད་ཆེ་བའི་གྲོང་ཁྱེར་གྱིས་མཉམ་དུ་དཔེ་སྟོན་ཁུལ་གཏོད་པའི་རེ་ཞུའང་ཞུ་ཆོག
         “དཔེ་སྟོན་ཁུལ་གཏོད་པའི་བླང་བྱའི་ནང་ལྷག་དོན་དུ་ཆུས་གཅིག་ལ་གྱོད་གཞི་གཅིག་དང་ཁྱད་པར་ཅན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་པ་བཏོན་པ་དང་དེས་ས་ཁུལ་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་བཟོ་སྐྲུན་ལས་རིགས་དཔེ་གསར་གྱི་མ་ལག་ཅིག་མགྱོགས་མྱུར་གཏོད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་གནད་སྨིན་ཤུགས་སྣོན་གྱིས་འུར་གྱིས་གཉེར་རྒྱུ་འགོག་རྒྱུ་རེད”ཅེས་བཟོ་འཕྲིན་པུའི་འཆར་འགོད་སིའི་སི་ཀྲང་ལི་པེ་ཀོང་གིས་བཤད།
         དཔེ་སྟོན་ཁུལ་གྱི་སྲིད་ཇུས་རོགས་སྐྱོར་ཐད། 《བརྡ་ཐོའི་》ནང་བཏོན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་མིག་སྔར་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་སོགས་ས་ཁོངས་སུ་ལག་ལེན་བསྟར་བའི་ཁྲོམ་རའི་ཆོག་འཐུས་ལམ་ལུགས་ཀྱི་སྒྱུར་བཅོས་དང་། ནོར་ཁྲལ་དངུལ་རྩ། ས་ཞིང་མཁོ་སྤྲོད། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དཔེ་སྟོན་ཁུལ་དུ་ལག་ལེན་བསྟར་རྒྱུ་དང་། དཔེ་སྟོན་ཁུལ་ནས་བཟོས་པའི་སྲིད་ཇུས་བྱེད་ཐབས་ཁག་རིགས་ཁག་ཁེ་ལས་ལ་ཉེ་རིང་ཕྱོགས་ལྷུང་མེད་པར་ལག་ལེན་བསྟར་དགོས།
      

    ཕྱོགས་བསྡུས་གསར་འགྱུར།