འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ནུབ་ཁུལ་གྱིས་བྱེ་ཐང་ཅན་བཅོས་སྐྱོང་བྱས་ནས"སྣོད་བཅུད་སྲུང་ཡོལ"བརྟན་
    པོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་24ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནགས་བཟོ་སྔོ་འགྱུར་དང་། རི་རྒྱ་བསྡམས་ནས་ནགས་གསོ། བྱེ་འཇགས་འདུ་འགོད། འདམ་ར་སྲུང་སྐྱོང་སོགས་གཙོ་གནད་འདུ་འགོད་ལག་ལེན་བསྟར་བའི་ཐོག་ནས་བྱེ་ཐང་ཅན་གྱི་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ“སྣོད་བཅུད་སྲུང་ཡོལ་བརྟན་དུ་བཏང་ཞིང་། མིག་སྔའི་བར་བྱེ་འགྱུར་ས་ཆར་བཅོས་སྐྱོང་བྱས་པར་རྒྱ་ཁྱོན་སྤྱི་ཆིང་ཁྲི་14.7དང་། གཙོ་གནད་སྤྱི་ཕན་ནགས་ཚལ་ལ་དོ་དམ་སྲུང་སྐྱོང་བྱས་པར་སྤྱི་ཆིང་ཁྲི་142.9 མི་ཐབས་ལ་བརྟེན་ནས་ནགས་བཟོ་བྱས་པར་སྤྱི་ཆིང་ཁྲི་15.2 རི་རྒྱ་བསྡམས་ནས་ནགས་གསོ་བྱས་པར་སྤྱི་ཆིང་ཁྲི་12.7 མི་ཐབས་ལ་བརྟེན་ནས་རྩྭ་བཏབ་པར་སྤྱི་ཆིང་ཁྲི་1.7 བྱེ་བཅོས་འདུ་འགོད་ལག་ལེན་བསྟར་བར་སྤྱི་ཆིང་533བཅས་ཟིན་གྱི་ཡོད་པ་རེད།
         སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་པའི་འཐབ་ཇུས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་ཆེད། མཚོ་ནུབ་ཀྲོའུ་ཡིས་འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྔ་རྗེས་སུ་《མཚོ་ནུབ་ཀྲོའུ་ཡི་བྱེ་སྐྱེས་རྩི་ཤིང་གི་སྲུང་སྐྱོང་སྲོལ་ཡིག་》དང་《མཚོ་ནུབ་ཀྲོའུ་ཡི་བྱེ་མའི་ཐོན་ལས་འཕེལ་རྒྱས་འཆར་འགོད་》སོགས་བཅའ་ཁྲིམས་དང་སྲོལ་ཡིག་རབ་དང་རིམ་པ་བཏོན་ནས་བྱེ་ཐང་ཅན་བཅོས་སྐྱོང་འདུ་འགོད་ནུས་ལྡན་ངང་སྤེལ་རྒྱུ་དང་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་འགན་ལེན་བྱས་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཀྲོའུ་ཡིས་ནགས་ལས་ཀྱི་སྣོད་བཅུད་རྣམ་གྲངས་དམ་འཛིན་བྱ་རྒྱུ་དེ་བྱེ་འགོག་བྱེ་བཅོས་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། མིག་སྔར་རྒྱལ་ཁབ་ཀྱི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་143བར་མང་དུ་ཕྱིན་པ་དང་། བྱེ་ཐང་ཅན་ནགས་བཟོ་དང་ཐན་འགོག་ནགས་བཟོ་སོགས་ཚན་རྩལ་ཁྱབ་གདལ་གྱི་ཚོད་ལྟའི་ས་ཚིགས་4བཙུགས་ཏེ་གཏེར་ལེན་ཁ་གྲོང་ཁྱེར་དང་དུར་ལམ་རྫོང་2ཀྱི་འདྲེ་ཚེར་མའི་ཐོན་ལས་གླིང་རགས་ཙམ་བསྐྲུན་ཟིན་ནས་སྡོང་ཕྲུག་སྐྱེ་འཕེལ་རྟེན་གཞི་སྤྱི་ཆིང་533བཙུགས་པ་དང་ལོར་འདྲེ་ཚེར་མའི་སྡོང་ཕྲུག་རྐང་ཁྲི་420ཐོན་གྱི་ཡོད། དེ་དང་ཆབས་ཅིག་སྔ་རྗེས་སུ་རང་བྱུང་སྲུང་སྐྱོང་ཁུལ་5བཙུགས་ནས་བྱེ་འགྱུར་བཀག་སྡོམ་ཁུལ་5ལག་བསྟར་བྱས་པ་དང་། རྒྱལ་ལམ་315དང་མཚོ་བོད་ལྕགས་ལམ་ལམ་རྒྱུད་དུ་རླུང་འགོག་དང་། བྱེ་འཇགས། སྔོ་འགྱུར། མཛེས་བཟོ་བཅས་ལྟེ་བར་བྱས་ཤིང་། མི་ཐབས་ལ་བརྟེན་ནས་ཤིང་འཛུགས་ནགས་བཟོ་དང་ལྕགས་དྲ་བསྐོར་ནས་དོ་དམ་སྲུང་སྐྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྡོང་རིང་ལྗོན་ཤིང་དང་སྡོང་ཕྲན་གྱིས་གཙོ་བོར་བྱས་པའི་གཞུང་ལམ་སྔོ་འགྱུར་དང་མཛེས་བཟོའི་ནགས་ཚལ་མ་ལག་བཙུགས་ཡོད་པ་རེད། མིག་སྔར་མཚོ་བོད་ལྕགས་ལམ་གྱི་གཡས་གཡོན་གཉིས་སུ་སྔོ་འགྱུར་སྤྱི་ལེ་119དང་སྤྱི་ཆིང་286.7བྱས་པ་དང་། རྒྱལ་ལམ་315གཡས་གཡོན་གཉིས་སུ་སྔོ་འགྱུར་སྤྱི་ལེ་56དང་སྤྱི་ཆིང་247.6དང་སྡོང་ཕྲན་དང་རླུང་འགོག་ནགས་ཁུལ་སྤྱི་ཆིང་240བྱས་པ། རྒྱལ་ལམ་109ཡི་གཡས་གཡོན་གཉིས་སུ་སྔོ་འགྱུར་སྤྱི་ལེ་60དང་སྤྱི་ཆིང་176.8བྱས་པ། གོར་མང་གཞུང་ལམ་དུ་སྔོ་འགྱུར་སྤྱི་ལེ་17དང་སྤྱི་ཆིང་100བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།