འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པས་
    ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་གོང་འཕེལ་ལ་གོ་སྐབས་གསར་པ་སྤྲད་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་24ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན་ལོན་ཏོན་དུ་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཞའོ་མིང་གིས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཐད་སྤྲད་པའི་གོ་སྐབས་ལ་དམ་འཛིན་བྱས་ཏེ་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི“དུས་རབས་ཡག་ཤོས”ཀྱི་གོམ་སྟབས་བརྟན་པོའི་ངང་སྤོ་རྒྱུར་སྐུལ་སྤེལ་བཏང་སྟེ“གྲུབ་འབྲས་ཡག་ཤོས”ཟམ་མི་ཆད་པར་གཏོད་དགོས་ཞེས་བརྗོད།
        ལིའུ་ཞའོ་མིང་ཉིན་དེ་རང་དུ་དབྱིན་ཇིའི་གྲོས་ཚོགས་སུ་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཀྱི་ཚོགས་འདུར་ཞུགས་སྐབས་གོང་གསལ་གྱི་སྐད་ཆ་དག་བཤད།
        ལིའུ་ཞའོ་མིང་གིས། ཚོགས་ཆེན་བཅུ་དགུ་པས“ཀྲུང་གོའི་སྲིད་ཇུས་ཀྱི་གོ་སྐབས”སྤྲད་ཡོད། ཀྲུང་གོས་དམངས་འཚོར་ཕན་འདོགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྔར་བས་མང་བ་འདོན་རྒྱུ་ཡིན་པ་དང་། དེ་དག་གིས་དབྱིན་ཇི་ཚུད་པའི་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་རྒྱུར་གོ་སྐབས་སྔར་བས་མང་བ་སྤྲོད་རྒྱུ་རེད་ཅེས་བཤད།
        ལིའུ་ཞའོ་མིང་གིས། ཚོགས་ཆེན་བཅུ་དགུ་པས“མཉམ་ལས་དང་འཕེལ་རྒྱས་ཀྱི་གོ་སྐབས”སྤྲད་ཡོད། ཀྲུང་གོས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཕྱི་ཕྱོགས་སུ་སྒོ་ཕྱེ་བ་དང་བསྟུན་ནས་ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པའི་ནུས་པ་ཟམ་མི་ཆད་པར་འདོན་སྲིད། “ཕྱུག་པོར་གྱུར་པའི་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་འབུལ་ངེས་དང་། སྟོབས་ཆེར་འགྲོ་བའི་ཀྲུང་གོས་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་ངེས་ཡིན་པའི”ངོས་འཛིན་བྱེད།
        ལིའུ་ཞའོ་མིང་གིས། ཚོགས་ཆེན་བཅུ་དགུ་པས“རྒྱལ་སྤྱིའི་གཞོགས་འདེགས་ཀྱི་གོ་སྐབས”སྤྲད་ཡོད། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གལ་ཆེན་གྱི་ངོས་ནས་རང་མོས་ཉོ་ཚོང་ལ་སྐུལ་ཁྲིད་དང་། དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཡོད་ཁར་མཉམ་ལས་ནུས་ལྡན་བྱས་ཡོད་པ་རེད། རྒྱལ་ཁབ་གཉིས་པོས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་མཉམ་དུ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད།
        ད་དུང་ལིའུ་ཞའོ་མིང་གིས་ཕྱོགས་ཡོངས་དང་། རྒྱང་རིང་། འཕེལ་རྒྱས་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་དགོས་ཞེས་བརྗོད།
        ད་ལོ་ནི་ཀྲུང་གོ་དང་དབྱིན་ཇིའི་དབར་གཞུང་ཚབ་ཆེ་མོ་བ་རིམ་པའི་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་45འཁོར་བ་ཞིག་ཡིན་ལ་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ“དུས་རབས་ཡག་ཤོས”ཀྱི་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་ལོ་ཞིག་ཀྱང་རེད།
        གཏམ་བཤད་མཇུག་འགྲིལ་རྗེས་ལིའུ་ཞའོ་མིང་གིས་ད་དུང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཀྲུང་གོའི་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད། ཀྲུང་གོའི་འཕེལ་རྒྱས་ལས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་ཀྱི་གནད་དོན་ཐད་ཚོགས་ཞུགས་པའི་དྲི་བར་ལན་བརྒྱབ་པ་རེད།
        ད་རེས་ཀྱི་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་དེ་དབྱིན་ཇི་དང་ཀྲུང་གོའི་མཐུན་ཚོགས་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་ཏང་ཤོག་བརྒལ་བའི་ཀྲུང་གོའི་ཚོགས་ཆུང་གིས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་། དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ཀྱི་གྲོས་མི་དང་དེ་བཞིན་དབྱིན་ཇི་སྲིད་གཞུང་། མཐོ་སློབ། ཁེ་ལས། སྤྱི་ཚོགས་ཚོགས་པ་སོགས་ལས་རིགས་ཁག་གི་འཐུས་མི་70ལྷག་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།