འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་བཟོའི་ཟིན་བྲིས་དེབ་ལས"ལས་གཏོད་ཕུགས་འདུན་མངོན་འགྱུར"བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ནང་སའི་གཞོན་ནུ་ལས་གཏོད་པ་ཕལ་ཆེ་བ་གྲོང་ཁྱེར་མི་འདྲ་བར་གཅིག་སྡུད་བྱེད་པ་དང་འདྲ་བར་ངག་དབང་དོན་གྲུབ་ཀྱིས་ཀྱང་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་ཐག་ཉེ་བའི་གྲོང་གསེབ་ཞིག་ཏུ་རང་ཉིད་ཀྱི་ལས་གཏོད་བྱ་ཡུལ་ཐེངས་དང་པོར་བརྩིས་ཡོད།
         བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོ་ནི་ལྷ་སའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ས་ཚིགས་ཡིན་པ་དང་ན་ནིང་ལོ་མཇུག་ཏུ་ལས་གྲྭ་ལེགས་གྲུབ་ཟིན་ཡོད། ངག་དབང་དོན་གྲུབ་ནི་གྲོང་ཚོའི་ནང་གི་ཕྱི་མི་ཉུང་ཤས་ཀྱི་གྲས་ཤིག་རེད།
         བོད་ལྗོངས་ཀྱི་ནུབ་བྱང་ས་ཁུལ་མངའ་རིས་ནས་ཡིན་པའི་ཕོ་གསར་དེ་འདི་ལོའི་ཟླ་7ཚེས་10ཉིན་དེ་སྔའི་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་ནས་སློབ་གྲྭ་ཐོན་མ་ཐག་ཡིན་པ་དང་། སློབ་གྲྭ་ནས་ཁ་བྲལ་བའི་ཉིན་གཉིས་པར་ས་གནས་དེ་གར་སློབ་ཆེན་སློབ་མའི་ལས་གཏོད་རྟེན་གཞི་ཡོད་པའི་དབང་གིས་དུས་བཞིའི་བཀྲ་ཤིས་གྲོང་ཚོར་གཞིས་ཚུགས།
        ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་མ་གནས་མཐོ་པོ་ཡོད་མོད། འོན་ཀྱང་དུས་བཞིའི་བཀྲ་ཤིས་གྲོང་ཚོར་ཟས་སྡོད་རིན་མེད་མཁོ་འདོན་བྱེད་པ་མ་ཟད། ད་དུང་ཚོང་ཁང་གི་ཟོག་གོང་ཁེ་པོ་ཡོད་པས་ངག་དབང་དོན་གྲུབ་ཀྱིས“བོད་བཟོའི་ཟིན་བྲིས་དེབ”ཀྱི་རྣམ་གྲངས་ལ་བརྟེན་ནས་དེ་གར་ལས་གཏོད་བྱེད་འགོ་ཚུགས།
        ཤ་རྩི་ནག་པའི་ཁོང་གིས་མིག་ཤེལ་ནག་པོ་ཞིག་བརྒྱབ་པ་དང་ལུས་ལ་ཕྱི་གླིང་པའི་གྱོན་གོས་ནག་རྐྱང་ཞིག་གྱོན་ཏེ་ཞིང་འགྲམ་དུ་ལངས་ནས་ལག་ཏུ་ཟིན་བྲིས་དེབ་གསར་པ་འཁྱེར་ཡོད་པས་ཕྱི་དབྱིབས་ནས་བལྟས་ཚེ་ཉེ་འཁོར་གྱི་ཞིང་ལས་བྱེད་མཁན་བོད་ཆས་གྱོན་པའི་ཞིང་པ་དང་རྦད་དེ་མི་འདྲ་བ་ཞིག་ཡོད།
        ངག་དབང་དོན་གྲུབ་ཀྱིས་ང་རང་སློབ་ཆེན་དུ་བསྐྱོད་མ་ཐག་ནས་ལས་གཏོད་བྱེད་པའི་བསམ་བློ་འཁོར་མྱོང་ཡོད། འོན་ཀྱང་སྐབས་དེ་དུས་མ་དངུལ་མི་འདང་བ་དང་དམིགས་ཚད་ཀྱང་གསལ་པོ་མེད་པས་ལོ་གཉིས་ལྷག་ཙམ་གླ་པ་བྱས་པ་བརྒྱུད་མ་དངུལ་མི་དམངས་ཤོག་སྒོར་ཁྲི་3ཙམ་བསགས་པ་ཡིན་ཞེས་བཤད།
        སློབ་གྲྭ་གཅིག་པའི་སློབ་གྲོགས་ཀྱིས་བོད་ཡིག་ཡིག་གཟུགས་འབྲི་བའི་སྨྱུ་གུ་ཆེད་མངགས་བཟོས་པ་དེས་བློ་སྒོ་ཕྱེ་ནས་ངག་དབང་དོན་གྲུབ་ཀྱིས་ལས་གཏོད་ཁ་ཕྱོགས་ཀྱང་ཡིག་གཟུགས་ཁྱབ་གདལ་གཏོང་རྒྱུའི་ཐད་གཏན་འཁེལ་བྱས་པ་རེད། ཁོང་གིས་སྒོར་ཁྲི་1ཙམ་བཏང་ནས་རང་གིས་འཆར་འགོད་བྱས་པའི་བོད་བཟོའི་ཟིན་བྲིས་དེབ་1500བཟོས་ཡོད།
        སློབ་ཆེན་ལོ་རིམ་གསུམ་པའི་སློབ་དུས་རྗེས་མ་མ་འཚོགས་གོང་། ངག་དབང་དོན་གྲུབ་ཀྱིས་སློབ་གྲྭར་དགོངས་པ་ཉི་མ་གསུམ་ཞུས་ནས་མ་ཡུམ་སློབ་གྲྭ་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དུ་ཟིན་བྲིས་དེབ་ཕྱིར་ཚོང་བྱེད་པར་བསྐྱོད།
        བསམ་ཡུལ་ལས་འདས་པ་ཞིག་ལ། ཁོང་གིས་སྒོར་15ཟིན་པའི་ཟིན་བྲིས་དེབ་ཕྱི་དྲོ་གཅིག་ཁོ་ནར་བཙོངས་པར་དངུལ་སྒོར་7000ལྷག་ཙམ་བྱུང་བ་དང་། ཉིན་གཉིས་པར་ཁོང་གིས་ལྷོ་ཁའི་སློབ་གྲྭ་ཞིག་ཏུ་འཚོང་བར་ཕྱིན་པས་ཟིན་བྲིས་དེབ་ཚང་མ་བྲིན་ཡོད།
        དུས་ཡུན་ཉིན་གཉིས་ཙམ་ནང་ཁོང་གི་ཚོང་རྒྱག་ཐེངས་དང་པོར་མ་གནས་ཚུར་ལོག་པ་མ་ཟད། ཁེ་སྤོགས་སྒོར་ཁྲི་1.2ཙམ་བྱུང་ཡོད།
        རྗེས་སུ་ངག་དབང་དོན་གྲུབ་ཀྱིས་ཕྱོགས་གཅིག་ནས་སློབ་གྲྭར་བསྐྱོད་པ་དང་ཕྱོགས་གཞན་ཞིག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ཡོང་འབབ་ཙག་ཙིག་གིས་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ཐོན་རྫས་འཆར་འགོད་བྱེད་པའི་རྒྱུ་ཆའང་མཁོ་འདོན་ཐུབ་པ་དང་འབྲེལ་འདི་ལོའི་ཟླ་6པར་ཚོང་གཉེར་ལག་ཁྱེར་རག་པ་རེད།
         གསར་དུ་ཐོན་པའི་ཟིན་བྲིས་དེབ་དང་བོད་ཡིག་སྦྱོང་དེབ་དེ་དག་ཆེད་ལས་ཀྱི་བོད་ཡིག་ཡིག་གཟུགས་མཁས་པས་མཛུབ་ཁྲིད་བྱས་ཏེ་བཟོས་པ་ཞིག་རེད། “དེ་སྔ་གཞུང་ནས་ཤོག་ལྷེ་ཕྱེ་བའི་སྦྱོང་དེབ་བོད་ཡིག་ཡིག་གཟུགས་འབྲི་སྟངས་དང་འཚམ་པོ་མེད་པས”ཁོང་གིས་སྦྱོང་དེབ་འཕྲེད་ནས་ཤོག་ལྷེ་ཕྱེ་བ་དང་དེའི་ཐིག་རིས་ཞེང་ཚད་རིང་དུ་བཏང་བ་དང་འབྲེལ་སྟོང་ཆའི་ཁུལ་དུ་བོད་ཡིག་ཡིག་གཟུགས་མི་འདྲ་བ་གསུམ་བཀོད་ཡོད།
        ངག་དབང་དོན་གྲུབ་ཀྱིས་ལག་ཐོག་ཏུ་འཁྱེར་བའི་ཟིན་བྲིས་དེབ་བཙོངས་པར་ཉིན་21ནང་སྒོར་ཁྲི་5ཙམ་བྱུང་བ་དང་། རྗེས་སུ་ཁོང་གིས་ད་དུང་བཟོ་ལྟ་མི་འདྲ་བ་འཆར་འགོད་བྱས་ཏེ་བོད་ཡིག་ཡིག་གཟུགས་དང་ལག་ཐོགས་ཁ་པར་གྱི་རྩ་གཉིས་ཨང་རྟགས་ཟུང་འབྲེལ་བྱས་ནས་ཁྱབ་གདལ་གཏོང་རྩིས་ཡོད་པ་རེད།
         དུས་བཞིའི་བཀྲ་ཤིས་གྲོང་ཚོའི“ཕྱི་འོང”ལས་གཏོད་པ་ཁོང་གི་ལས་གཏོད་བྱེད་འགོ་ཚུགས་མ་ཐག་ཡིན་པ་མ་ཟད། དེའི་རྣམ་གྲངས་ད་དུང་ཁྱབ་རྒྱ་ཆེན་པོས་ཁྱབ་གདལ་ཐུབ་མེད་ཀྱང་། ངག་དབང་དོན་གྲུབ་ཀྱིས“ཆ་རྐྱེན་འཛོམས་ཚེ་འབྱུང་འགྱུར་གྲོང་མི་མང་ཙམ་ལས་ཀ་བྱེད་པར་སྐད་བཏང་ནས་གྲོང་ཚོའི་ལས་ཞུགས་ཐག་གཅོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།