འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཨུ་ལྷན་གྱིས་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་
    ནས་འཕེལ་རྒྱས་ཀྱིས་བྱིས་པ་དེ་བས་མང་བར་ཕན་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན་འཛམ་གླིང་བྱིས་པའི་ཉིན་མོ་འཆར་ལ་ཉེ་བའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཨུ་ལྷན་(གཤམ་དུ་བྱིས་ཐེབས་ཨུ་ལྷན་ཞེས་བསྡུ་རྒྱུ)གྱི་ལག་བསྟར་ཀྲུའུ་རེན་གཞོན་པ་ཅ་སི་ཐིང·ཕུའུ་སའེ་སིས་ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེས་བྱིས་པ་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད། བྱིས་ཐེབས་ཨུ་ལྷན་གྱིས་ཀྲུང་གོ་སྲིད་གཞུང་དང་མཉམ་ལས་དམ་ཟབ་བྱས་ཏེ་སློབ་གསོ་དང་བདེ་ཐང་ཐད་བྱིས་པ་དེ་བས་མང་བར་ཕན་པ་འཐོབ་རྒྱུའི་འགན་ལེན་བྱེད་བཞིན་ཡོད་ཅེས་བཤད།
         ཕུའུ་སའེ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། དམིགས་ཚད་དེ་ཀྲུང་གོས་བཏོན་པའི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བ་ཐག་གཅོད་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་བ་དང་རྦད་དེ་མཐུན་ཡོད་ཅེས་བཤད།
         1989ལོར་ལོ་10འགོར་བའི་《བྱིས་པའི་ཁེ་དབང་སྤྱི་ཆིངས་》ཀྱི་འཆར་ཟིན་འགོད་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་འབྲེལ་ལོ་དེའི་ཟླ་11ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་ནས་ཉིན་དེ་རྒྱལ་སྤྱིའི་བྱིས་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད། དྲན་གསོའི་ཉིན་མོ་དེ་འཛུགས་པའི་དམིགས་ཡུལ་ནི་བྱིས་པར་སྲུང་སྐྱོབ་དང་། ཕན་བདེ་སྐྲུན་པ། སློབ་གསོ་ཐོབ་པ་སོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བྱིས་པ་ཚོ་ཞི་བདེ་དང་། མཛའ་བརྩེ། བདེ་ཐང་བཅས་ཀྱི་ཁོར་ཡུག་ཏུ་འཚོ་བ་སྐྱེལ་ཐུབ་པར་བྱ་རྒྱུ་དེ་རེད། 2017ལོ་ནས་བཟུང་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་ཞེས་པའི་མིང་དེ་འཛམ་གླིང་བྱིས་པའི་ཉིན་མོ་ཞེས་པར་བསྒྱུར་བ་རེད།
        ཕུའུ་སའེ་སིས་འཛམ་གླིང་བྱིས་པའི་ཉིན་མོ་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་རེད་ལ། སྒམ་ནན་གྱི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པའི་དུས་སྐབས་ཤིག་ཀྱང་རེད། ད་ལྟ་འཛམ་གླིང་ཐོག་བྱིས་པ་མང་པོར་དམག་འཁྲུག་གི་ཟང་ཟིང་དང་། འཚོ་བཅུད་མི་འདང་བ། མ་མཐའི་ལྟོ་གོས་མི་འདང་བ་སོགས་ཀྱི་གནད་དོན་འཕྲད་བཞིན་ཡོད་མོད། འོན་ཀྱང་བྱིས་པའི་བདེ་རྩ་འགན་ལེན་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ནང་གི་ཆ་ཤས་གལ་ཆེན་ཞིག་ཡིན་པས། བྱིས་ཐེབས་ཨུ་ལྷན་གྱིས་དམིགས་ཚད་དེ་མངོན་འགྱུར་བྱ་ཆེད་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད།
         བྱིས་པའི་ཐེབས་རྩ་ཨུ་ལྷན་གྱིས་དམག་འཁྲུག་ལངས་པའི་ས་ཁུལ་གྱི་བྱིས་པའི་ཚེ་སྲོག་སྐྱོབ་པར་གཞོལ་ནས་ཁོང་ཚོར་འདང་ངེས་ཀྱི་བཟའ་བཅའ་ཡོད་པར་བྱས་པ་དང་། ས་ཁུལ་དབུལ་པོའི་བྱིས་པར་ནད་ཡམས་མི་ཕོག་པ་དང་འདང་ངེས་ཀྱི་འཚོ་བཅུད་ཐོབ་པར་བྱས་ཡོད། གཞན་ཡང་བྱིས་པར་སློབ་གསོ་ཐོབ་པ་དང་འཚོ་གནས་ཀྱི་རྩལ་ནུས་སྦྱོང་བའི་དབང་ཆ་འགན་ལེན་བྱེད་པར་གཞོལ་བཞིན་ཡོད། “བྱིས་ཐེབས་ཨུ་ལྷན་གྱིས་འབད་བརྩོན་ཧུར་ཐག་བྱས་ཏེ་འཛམ་གླིང་ཐོག་གི་བྱིས་པ་ཚང་མས་ཁོང་ཚོའི་མི་མངོན་པའི་སྟོབས་ཤུགས་མངོན་ཐུབ་པར་བྱ་རྒྱུ་ཡིན”ཞེས་ཕུའུ་སའེ་སིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།