འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཉིང་ཁྲིའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་གསལ། མིག་སྔར། གནོད་སྐྱོན་ཐེབས་པའི་མང་ཚོགས་ཀྱི་འཚོ་བ་ཚང་མ་བཀོད་སྒྲིག་འོས་འཚམས་བྱས་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་རྣམས་སེམས་བདེ་ཞིང་སྤྱི་ཚོགས་སྒྲིག་ལམ་གྲལ་འགྲིག་པོ་ཡོད་པ་རེད།
        ས་ཡོམ་བྱུང་རྗེས་སུ། ཉིང་ཁྲི་གྲོང་ཁྱེར་ཨུད་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་གནོད་འཚེ་ཐེབས་ཚུལ་ལ་རྩད་ཞིབ་དང་བསྡོམས་རྩིས་གཏིང་ཟབ་པོ་དང་། དུས་ཐོག་ཏུ་བགྲོད་ལམ་མྱུར་བཟོ་ཤར་གཏོང་འགན་ལེན། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམས། མང་ཚོགས་ལ་བསམ་བློའི་སློབ་གསོ་དང་སེམས་གསོའི་ཁྲིད་སྟོན་ཡག་པོ་ཧུར་ཐག་བཅས་ཀྱི་ལས་ཀ་སྤེལ་བ་རེད།
    བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་ས་ཡོམ་ནི་ཉིང་ཁྲི་ཁོངས་ཀྱི་སྨན་གླིང་དང་། བྲག་ཡིབ། མེ་ཏོག རྫ་ཡུལ། སྤོ་བོ།  ཀོང་པོ་རྒྱ་མདའ་བཅས་རྫོང(ཆུས་)6དང་ཤང་(གྲོང་རྡལ)34ཡི་མི་གྲངས་12309ལ་གནོད་འཚེ་ཐེབས་ཡོད་པ་དང་། དུད་ཚང་2992ཀྱི་ཁང་པར་རིམ་པ་མི་འདྲ་བའི་གས་སྐྱོན་བྱུང་ཡོད་ཅིང་། བགྲོད་ལམ་དང་འཕྲིན་གཏོང་སྐུད་ལམ། ཆུ་ལོག་འགོག་རགས། ཞིང་ཆུ་འདྲེན་ཡུར་འགའ་ཤས་ལའང་གནོད་སྐྱོན་ཕོག་ཡོད་པ་རེད།
         ཏང་སྲིད་དམག་ཉེན་རྟོག་བཅས་ཀྱིས་འཕྲལ་བསྟུན་མྱུར་སྐྱོབ་ཧུར་བརྩོན་ཆེན་པོ་དང་། དཔུང་པ་མཉམ་གཤིབ་ཀྱིས་ཡོམ་འགོག་གནོད་སེལ་ལ་ཞུགས་ནས་དུས་ཐོག་ཏུ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་དེ་བཞིན་རྫོང་ཤང་གི་བགྲོད་ལམ་162མྱུར་བཟོ་གཙང་བཤེར་བྱས་པ་དང་། འཕྲིན་གཏོང་སྐུད་ལམ་53བསྐྱར་གསོ་བྱས་པ་རེད། མིག་སྔའི་བར་དུ་ཁང་པར་ཉེན་ཁ་ལྡན་པའི་མང་ཚོགས་2000ལྷག་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱས་ཡོད་པ་དང་། ཁྱོན་བསྡོམས་གནས་སྐབས་གཅིག་བསྡུས་བཀོད་སྒྲིག་བྱེད་གནས་49བཙུགས་ཤིང་། གུར་505ཕུབ་པ་དང་། དེ་དག་ལ་བཞའ་ཚན་སྔོན་འགོག་གདན་དང་ལག་སྒྲོན། འཕྲལ་བསྟུན་གློག་སྒྲོན་བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
         དེའི་རྗེས་མར་ཉིང་ཁྲི་གྲོང་ཁྱེར་ཨུད་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་སྔར་ལས་ལྷག་པར་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་རེ་རེ་ཚང་མར་ཟ་མ་དང་གྱོན་གོས། འཐུང་ཆུ། གནས་སྐབས་སྡོད་ས། ན་ཚ་ཕོག་ན་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་བཅས་འགན་ལེན་ཏན་ཏིག་བྱེད་རྒྱུ་དང་། ཤུགས་གང་ཡོད་བཏོན་ནས་འཕྲོད་བསྟེན་རིམས་འགོག་ལས་ཀ་ལེགས་པོ་སྤེལ་ཏེ་འཐུང་ཆུ་དང་ཟས་རིགས་གནོད་མེད། སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད།  གད་སྙིགས་གཅིག་བསྡུས་གཙང་སེལ་བཅས་ལ་མཐོང་ཆེན་བྱས་ནས་རིམས་ནད་མི་བྱུང་བའི་འགན་ལེན་ཏན་ཏིག་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།