འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མྱུར་སྐྱོབ་གནས་ལ་འབྱོར་ཞིང་སྒྲིག་འཛུགས་གོ་རིམ་ལྡན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་
    སྤྲོ་བ་ཆེན་པོའི་ངང་ལོ་གསར་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་20ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་19ཉིན་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོའི་ལོ་གསར་གྱི་ཉིན་དང་པོ་ཡིན་ལ། ས་གནས་དེ་གར་དུས་ཆེན་གྱི་དགའ་སྤྲོས་ཁེངས་ཡོད་པས། ས་ཡོམ་གྱི་གནོད་འཚེ་མ་བྱུང་བ་ལྟ་བུར་སྣང་། ས་ཡོམ་བྱུང་རྗེས། མྱུར་སྐྱོབ་གནས་ལ་འབྱོར་བས། ས་གནས་དེ་གར་སྒྲིག་འཛུགས་གོ་རིམ་ལྡན་ལ། དུས་ཆེན་གྱི་རྣམ་པས་ཁེངས་ཡོད་པ་རེད།
         ས་ཡོམ་གྱི་དབང་གིས་དུས་ཆེན་གྱི་དགའ་སྤྲོ་ཉམས་ཚུལ་བྱུང་མེད་པ།
        བོད་ལྗོངས་ཀྱི་ས་གནས་ཁག་གི་ལོ་གསར་གཏོང་བའི་དུས་ཚོད་ལ་ཁྱད་པར་ཡོད་ཅིང་། དེའི་ནང་ཆེས་སྔ་བ་ནི་བོད་ཟླ་10ཚེས་1ཉིན་གྱི་ཀོང་པོའི་ལོ་གསར་ཡིན་པ་རེད། སྤྱི་ཟླ་11ཚེས་19ཉིན་ནི་ཀོང་པོ་ལོ་གསར་གྱི་ཉིན་དང་པོ་ཡིན་ལ། ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་སྲང་ཁག་ཏུ་ཁོར་ཡུག་སྲུང་སྐྱོང་གི་ལས་བཟོ་པ་ཚོས་ནན་ཏན་ངང་ལས་ཀ་བྱེད་བཞིན་ཡོད་ལ། ཁྲོམ་སྲང་དུ་འགྲོ་འོང་བྱེད་མཁན་ཡང་ཡོད་པས། ནམ་རྒྱུན་གྱི་འཚོ་བ་རོལ་སྟངས་དང་ཇི་མ་ཇི་བཞིན་ཡིན་པ་རེད།
        ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ས་གནས་ཁག་གིས་ལོ་གསར་གྱི་དགའ་སྟོན་བྱེད་སྒོ་རྣམ་པ་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། ཀླུ་ནང་གྲོང་རྡལ་གྱི་ལྡུམ་པ་ཚལ་གྲོང་ཚོར། ལུས་ལ་གཟབ་མཆོར་སྤྲས་པའི་གྲོང་མི་བཞི་བཅུ་ཙམ་ཞིག་མཉམ་དུ་འཛོམས་ཏེ་མདའ་རྩལ་འགྲན་བཞིན་གླུ་ལེན་བྲོ་གར་འཁྲབ་པ་དང་། ཕན་ཚུན་མཆོད་ཆང་བཏེགས་ཏེ་ལོ་གསར་གྱི་སྤྲོ་བར་རོལ་བཞིན་ཡོད་པ་རེད།
        མྱུར་སྐྱོབ་དུས་ཐོག་ཏུ་འབྱོར་སྟབས་མང་ཚོགས་ཀྱི་སེམས་པ་བདེ་བར་འཁོད་པ།
        ཚེས་18ཉིན་གྱི་ཞོགས་པར། བོད་ལྗོངས་ཉིང་ཁྲིར་ས་ཡོམ་རིམ་པ་6.9བརྒྱབ་པས། སྡོད་ཁང་ཁ་ཤས་ཤིག་ལ་སེར་ག་ཤོར་བ་དང་བགྲོད་ལམ་ཆད་པ་རེད། ཡོམ་གནས་ཀྱི་ས་ཆ་སྨིན་གླིང་རྫོང་དུ་གནོད་ཚབས་ཆེན་ཤོས་ཡིན་ལ། སྡོད་ཁང་ལ་སྐྱོན་ཤོར་བའི་དུད་ཁྱིམ་1003ཙམ་ཟིན་པ་རེད།
        ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་འདོམས་ནུས་ལྡན་འོག ཉིང་ཁྲི་གྲོང་ཁྱེར་ཏང་སྲིད་དམག་དམངས་དང་ཉེན་རྟོག་བཅས་ཀྱིས་འཕྲལ་སྡོམ་དང་ལེན་དང་། ཁ་གཏད་ཧུར་ཐག་འཇལ་བ། སྤྱི་ཡོངས་མཉམ་འགུལ་བྱས་ཏེ་སྟོབས་ཤུགས་ཁག་ནས་མི་ཐེངས་གྲངས་4473མངགས་གཏོང་བྱས་ནས་འཕྲལ་མར་གེགས་ཁུལ་དུ་འབྱོར་བ་དང་། གོ་རིམ་ལྡན་ལ་སྒྲིག་འཛུགས་ཡོད་པའི་ངང་ཡོམ་འགོག་ལས་དོན་སྤེལ་བ་རེད།
        ཀླུ་ནང་གྲོང་རྡལ་དུ། གསར་འགོད་པས་མྱུར་སྐྱོབ་རླངས་འཁོར་ཞིག་དང་མྱུར་སྐྱོབ་པ་མི་གྲངས་10ཀྱིས་རྒྱལ་ལམ་318ཀྱི་འགྲམ་དུ་སྒུག་ཡོད་པ་མཐོང་བྱུང་། བྲག་ཡིབ་ཆུས་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཟླ་བས། "ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ལ། ང་ཚོར་གོང་རིམ་གྱི་བཀའ་རྒྱ་འབྱོར་བ་དང་། འཕྲལ་མར་སྨན་དཔྱད་མི་སྣ་སྒྲིག་འཛུགས་བྱས་ཏེ་འདིར་ཐོན་པ་དང་། དུས་ནམ་ཡིན་ལ་མ་ལྟོས་པར་རྨས་མ་མྱུར་སྐྱོབ་ཀྱི་བཀའ་རྒྱ་སྒུག་ནས་སྡོད"ཅེས་པ་འབྱོར་བྱུང་ཟེར།
        ས་ཡོམ་གྱི་གནོད་སྐྱོན་བྱུང་ཚུལ་ཅུང་ཛ་དྲག་ཆེ་བའི་སྨིན་གླིང་རྫོང་གི་ཕད་གྲོང་རྡལ་གྲི་སྦས་གྲོང་ཚོ་རུ། སྡོད་ཁང་མང་པོ་ཞིག་ལ་ཚད་རིམ་མི་འདྲ་བའི་གནོད་སྐྱོན་བྱུང་ཡོད་པ་རེད། གྲོང་མི་བཀྲ་ཤིས་ཉི་མས། "ས་ཡོམ་བྱུང་དུས། ཧ་ཅང་དངངས་སྐྲག་སྐྱེས་བྱུང་། དེ་རྗེས་ནས་ལས་བྱེད་མི་སྣ་ཡོང་ནས་གནས་ཚུལ་ཆ་རྒྱུས་བླངས་པ་དང་། ང་ཚོར་སྡོད་ཁང་དུ་མ་འགྲོ་ཞེས་བརྗོད་བྱུང་། དེ་ནས་ང་ཚོ་ཡང་དངངས་སྐྲག་མ་བྱུང"ཞེས་ཟེར།
        མྱུར་སྐྱོབ་ལས་དོན་སྔར་བཞིན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།
        གྲི་སྦས་གྲོང་ཚོ་རུ། བོད་ལྗོངས་དམག་ཁུལ་ཉིང་ཁྲི་ཡན་ལག་དམག་ཁུལ་གྱི་འཐབ་འཛིང་པ་ཚོས་མང་ཚོགས་ལ་གནོད་སྐྱོན་བྱུང་ཚུལ་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད། ས་སྟོང་དུ་འཕྲལ་མར་རས་གུར་13ཕུབ་སྟེ་སྨན་དཔྱད་མི་སྣ་ཚོས་མང་ཚོགས་ལ་སྨན་བཅོས་བྱས་པ་རེད། སྨིན་གླིང་རྫོང་གི་གློག་འདོན་ཚད་ཡོད་ཀུང་སིའི་མི་སྣས་དུས་ཚོད་དམ་འཛིན་ངང་གློག་གནོན་བསྒྱུར་ཆས་འཕྲལ་མར་བཟོས་པ་དང་། ཆུ་ཚོད་ཕྱེད་ཀའི་རྗེས་ལ་གྲོང་ཚོར་གློག་སླེབས་པ་རེད། 
        ཕད་གྲོང་རྡལ་དང་ཀླུ་ནང་གྲོང་རྡལ་སོགས་སུ། ས་གནས་དེ་གའི་ལས་བྱེད་པ་དང་། མང་ཚོགས། ས་གནས་ཀྱི་བཅའ་སྡོད་བཅིངས་འགྲོལ་དམག་གི་འཐབ་འཛིང་པ། དྲག་ཆས་ཉེན་རྟོག་པའི་དཔོན་དམག་སོགས་ཀྱིས་ཛ་དྲག་ཆེ་ལ་གོ་རིམ་ལྡན་པའི་ངང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་སྤེལ་བཞིན་ཡོད་ལ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའང་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།