འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་གྲངས་རིམ་རྩིས་ལྟར་ན་མེ་འཁོར་6000
    ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2011ལོ་ནས་བཟུང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་གྲངས་རིམ་རྩིས་ལྟར་ན་མེ་འཁོར་6000ལྷག་ཙམ་ཟིན་ཞིང་། ཟླ་11ཚེས་17ཉིན་བར་2017ལོའི་ཀྲུང་གོ་དང་་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་གྲངས་མེ་འཁོར་3000ལྷག་ཙམ་ཟིན་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ལོ་འཁོར་ནང་གཏོང་གྲངས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གསར་པ་བཏོད་དེ་2011ལོ་ནས་2016ལོའི་བར་གྱི་ལོ་དྲུག་རིང་མེ་འཁོར་གཏོང་གྲངས་ཀྱི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད། 
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀྲུང་སིའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལམ་རྒྱུད་རྒྱལ་ཁབ་ཀྱི་འགྲོ་ལམ་སྦྲེལ་མཐུད་དང་ཉོ་ཚོང་ཤར་བགྲོད་མགྱོགས་སུ་བཏང་ནས་ཁེ་ཕན་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་བྱ་ཐབས་གལ་ཆེན་ཞིག་གི་ངོས་ནས་ལྕགས་ལམ་སྡེ་ཚན་གྱིས་ཕྱི་ནང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེལ་འདྲེན་སྒྲིག་འཛུགས་ཡག་པོ་བྱེད་པ། ཞབས་ཞུའི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་མངོན་ཡོད། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་ལྕགས་ལམ་57བཏིངས་ཟིན་པ་དང་། རྒྱལ་ནང་དུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་35ཟིན་པ་དང་འབྲེལ་ཡོ་རོབ་ཀྱི་རྒྱལ་ཁབ་12ཀྱི་གྲོང་ཁྱེར་34རུ་འབྱོར་གྱི་ཡོད་པ་རེད། 
         འདི་ལོའི་ཟླ་5པར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་ཁྲུང་ཆིང་དང་། ཁྲེང་ཏུའུ། ཀྲེང་ཀྲོའུ། ཝུའུ་ཧན། སུའུ་ཀྲོའུ། དབྱི་ཝུའུ། ཤིས་ཨན་སོགས་དུས་གཏན་མེ་འཁོར་གྱི་ལས་སྟེགས་ཀུང་སི་བདུན་གྱིས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་སྐྱེལ་འདྲེན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་ཐུན་མོང་ཐོག་མཐུན་སྦྱོར་ཐག་གཅོད་བྱས་ནས་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་སྔར་བས་དམའ་རུ་བཏང་སྟེ་སྐྱེལ་འདྲེན་གྱི་སྤུས་ཚད་དང་ལས་ཆོད་མཐོ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད། 
         དེ་དང་དུས་མཚུངས་ལྕགས་ལམ་སྡེ་ཚན་གྱིས་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་སྤྱིའི་ཟོག་འགྲེམས་སྤུས་རྟགས་བཏོད་ཡོད་པ་རེད། འདི་ལོའི་ཟླ་4པར་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་གཙོ་ཁྲིད་འོག་ཀྲུང་གོ་དང་། བྷེ་ཨུ་རུ་སུ། འཇར་མན། ཧ་སག་སི་ཐན། མོང་གོལ། ཕོ་ལན། ཨུ་རུ་སུ་སོགས་རྒྱལ་ཁབ་7གྱི་ལྕགས་ལམ་སྡེ་ཚན་གྱིས་《ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་མཐུན་》ལ་དངོས་སུ་མིང་རྟགས་བཀོད་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་གསལ་ཐོར་བཅུག་པ་རེད། ཟླ་10པར་རྒྱལ་ཁབ་བདུན་གྱི་གྲོས་མཐུན་དོན་འཁྱོལ་ལས་དོན་ཐུན་མོང་ཐོག་ལེགས་པར་སྒྲུབ་ཆེད། ཀྲུང་གོ་ལྕགས་ལམ་ཀུང་སིས་ཕྱོགས་ཁག་དང་མཐུན་སྦྱོར་གང་ལེགས་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བས་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད། 《ཀྲུང་གོ་དང་་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་མཉམ་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཟིན་བྲིས་གནད་བསྡུས་》ལ་མཉམ་དུ་མིང་རྟགས་བཀོད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་དངོས་སུ་བཙུགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རྒྱུན་མཐུད་བརྟན་ལྷིང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།