འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཉམས་གསོའི་ལས་ཀ་གཙིགས་སུ་འཛིན། དཔེ་རྙིང་རིན་ཐང་ནམ་ཡང་གནས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་གྱི་ཞོགས་པ་སྔ་པོར། རང་སྐྱོང་ལྗོངས་དཔེ་རྙིང་ཉམས་གསོ་ལྟེ་གནས་ཀྱི་ཉམས་གསོ་བ་གཡང་ལགས་ཀྱིས་ལག་ཏུ་གཅེས་ནོར་ཉར་བ་བཞིན་དཔེ་རས་ནང་བསྒྲིལ་བའི་དཔེ་རྙིང་ཉར་ནས་རླངས་འཁོར་གྱི་རྒྱབ་སྟེགས་ཐོག་བསྡད།
         ཆུ་ཚོད་གཉིས་སོང་རྗེས་ཁོང་དང་བཅས་པ་ཉི་མ་ལྕང་རྭ་ཤང་མང་རྭ་གྲོང་ཚོའི་མང་རྭ་དགོན་པར་འབྱོར་བ་དང་། དགོན་སྡོད་ལས་བྱེད་པ་དང་དགེ་འདུན་པ་རྣམས་ཀྱིས་སྔ་ས་ནས་སྒོ་རའི་ནང་སྒུག་ནས་བསྡད་ཡོད། རླངས་འཁོར་ནས་བབས་རྗེས་ཉམས་གསོ་བ་གཡང་ལགས་དང་ཚེ་གཡང་གིས་ཉམས་གསོ་བྱས་ཟིན་པའི་དཔེ་རྙིང་དགོན་སྡེའི་དགེ་འདུན་པ་རྡོ་རྡོར་སྤྲད།
         ད་ཐེངས་རྩིས་འབུལ་བྱས་པའི་ཏ་ལའི་ལོ་མའི་དཔེ་རྙིང་པོ་ཏི་གཉིས་ཡོད་ཅིང་། ཁྱོན་བསྡོམས་ཤོག་ལྷེ་232ཡོད་པ་དེ་དག་ལོ་3ཉམས་གསོ་བྱས་ཡོད།
         དེ་ནི་2009ལོར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་རྙིང་སྲུང་སྐྱོབ་འདུ་འགོད་དངོས་སུ་ལག་ལེན་བསྟར་བ་ནས་བཟུང་། ཡོངས་བཤེར་དང་། སྲུང་སྐྱོབ། ལེགས་སྒྲིག དྲིལ་བསྒྲགས། ཞིབ་འཇུག་བཅས་བྱེད་ཞོར་དུ་དགོན་སྡེའི་དཔེ་རྙིང་བརྒྱུད་རིམ་ལྡན་པའི་ངང་ཉམས་གསོ་བྱས་པའི་ལས་དོན་ཐོག་མ་དེ་ཡིན་པ་རེད།
         2012ལོའི་སྔོན་དུ། རང་སྐྱོང་ལྗོངས་དཔེ་མཛོད་ཁང་བོད་ཡིག་དཔེ་ཀློག་ཁང་གི་དོ་དམ་པའི་འགན་འཁུར་བ་གཡང་ལགས་ཀྱིས་དཔེ་རྙིང་བརྡར་ཟད་ཐེབས་པ་དང་། རུལ་ལྷད་ཤོར་བ། རལ་བ་སོགས་ཀྱི་སྣང་ཚུལ་མཐོང་རིམ་བཞིན་སེམས་ཧ་ཅང་ཕངས་པོ་འདུག ཕྱིས་སུ་གཡང་ལགས་རྒྱལ་ཁབ་དཔེ་མཛོད་ཁང་དུ་དཔེ་རྙིང་ཉམས་གསོ་ཆེ་མོ་བ་གྲགས་ཅན་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཏུའུ་ཝུའེ་ཧྲེང་གི་དྲུང་དུ་དཔེ་རྙིང་ཉམས་གསོའི་ལག་རྩལ་སྦྱངས་མཐར་ཆེད་ལས་དང་བརྒྱུད་རིམ་ལྡན་པའི་ངང་དཔེ་རྙིང་ཉམས་གསོའི་ལག་རྩལ་སྦྱངས་མྱོང་བའི་བོད་ཀྱི་ཉམས་གསོ་བ་དང་པོ་དེར་གྱུར།
         2014ལོའི་ཟླ་9ཚེས་4ཉིན། མང་རྭ་དགོན་པའི་དགེ་འདུན་པས་ཉར་ཚགས་བྱས་པའི་རལ་སྐྱོན་ཚབས་ཆེན་ཤོར་བའི་རྩ་ཆེའི་དཔེ་རྙིང་པོ་ཏི་གཉིས་རང་སྐྱོང་ལྗོངས་གནའ་དཔེ་ཉམས་གསོ་ལྟེ་གནས་སུ་ཉམས་གསོ་བྱ་རྒྱུར་བསྐྱལ། གཡང་ལགས་ཀྱིས་རལ་སྐྱོན་ཚབས་ཆེན་ཤོར་བའི་དཔེ་རྙིང་ལ་ལྟ་བཞིན་ལས་འགན་ལྕི་པོ་དེ་དང་དུ་བླངས།
         གསར་འགོད་པར་ཤེས་རྟོགས་བྱུང་བར། དགོན་སྡེར་ཉར་ཚགས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་ཉམས་གསོ་བྱེད་པར་སྐྱེལ་སྐབས་ཁ་སྦྱར་ཐེབས་པའི་གནའ་དཔེ་པོ་ཏི་གཞན་ཞིག་གི་ཤོག་བུའང་ཧ་ཅང་སྲབ་མོ་ཡིན་རྐྱེན། ཉམས་གསོ་བས་པོ་ཏི་དེ་ཁ་གསེས་རྗེས་རློན་ཕྲལ་དང་། སྐམ་ཕྲལ། འབྱར་ཕྲལ་སོགས་ཀྱི་བྱ་ཐབས་སྤྱད་པ་མ་ཟད་ཤོག་འབྱར་བཏང་ནས་ཉམས་གསོ་བྱས་པར་ཤོག་ལྷེ་58ལེགས་གྲུབ་ཟིན་པ་དང་། དེ་འཕྲོས་ཀྱི་ཁ་སྦྱར་ཐེབས་པ་རྣམས་རལ་སྐྱོན་ཚབས་ཆེན་ཤོར་བ་མ་ཟད་ཁ་སྦྱར་མཐུག་པོ་ཐེབས་ཡོད་པས་མུ་མཐུད་ཁ་གསེས་ཚེ་སླར་གཏོར་སྐྱོན་ཐེབས་སྲིད་པ་དང་དཔེ་རྙིང་རིག་དངོས་ཀྱི་རིན་ཐང་ལ་བསམ་གཞིག་བྱས་ཏེ་ཉམས་གསོ་མ་བྱས་པར་སྔར་རྒྱུན་ལྟར་དགོན་སྡེར་བསློགས་པ་རེད།
         རང་སྐྱོང་ལྗོངས་དཔེ་མཛོད་ཁང་དཔེ་རྙིང་སྲུང་སྐྱོབ་ཀྱི་རིགས་གཅིག་མཁས་ཅན་པད་མ་བཀྲ་ཤིས་ཀྱིས“དཔེ་རྙིང་བྲིས་མ་འདི་དག་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཧ་ཅང་རྩ་ཆེ་བའི་གནའ་རབས་ཀྱི་བསྟན་བཅོས་ཤ་སྟག་ཡིན་པས་རིག་དངོས་ཀྱི་རིན་ཐང་དང་ཚད་ལྡན་ཡིག་ཆར་དཔྱད་གཞི་བྱེད་པའི་རིན་ཐང་ཆེན་པོ་ལྡན་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།
         ད་ཐེངས་ཤོག་ལྷེ་232ཡོད་པའི་རྩ་ཆེའི་དཔེ་རྙིང་པོ་ཏི་གཉིས་མང་རྭ་དགོན་པའི་རིག་དངོས་ཉར་ཚགས་ཁང་དུ་རྩིས་སྤྲོད་སྐབས། གཡང་ལགས་ཀྱིས་དགོན་སྡེའི་དགེ་འདུན་པ་ཚོར་རྒྱུན་གཏན་གྱི་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས་པའི་མངགས་བྱ་ཡང་ཡང་བྱས།
         རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཁུར་བ་སྤེན་པ་ཚེ་རིང་གིས“མང་རྭ་དགོན་པའི་དཔེ་རྙིང་ཉམས་གསོ་བྱས་པ་ནི་ང་ཚོའི་ལྟེ་གནས་ཀྱིས་ཕྱི་ཕྱོགས་སུ་ཚོད་ལྟའི་རང་བཞིན་གྱི་ཉམས་གསོ་བྱེད་ཐེངས་དང་པོ་ཡིན་ལ་རང་ལྗོངས་ཀྱི་དཔེ་རྙིང་ཉམས་གསོའི་ལས་དོན་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པའི་ཁྲོད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་པ་ཞིག་ཀྱང་ཡིན”ཞེས་བཤད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་བཙུགས་ཚུན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང་ནང་བཅུག་པའི་དཔེ་རྙིང་དང་སྟོངས་ཉེར་ཡོད་པའི་དཔེ་རྙིང་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་མྱུར་སྐྱོབ་དང་། ཉམས་གསོ། བེད་སྤྱོད་བཅས་བྱས་ཡོད། ད་ཐེངས་མང་རྭ་དགོན་པའི་དཔེ་རྙིང་རྩ་ཆེན་《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་》ལེགས་གྲུབ་ལྡན་པའི་ངང་ཉམས་གསོ་བྱས་པ་དེས་རང་ལྗོངས་ཀྱིས་དཔེ་རྙིང་སྲུང་སྐྱོབ་དང་ཉམས་གསོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།