འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་《ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་སྲོལ་ཡིག་》ལ་
    ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་《ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་སྲོལ་ཡིག་(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཤིང་། དེའི་དམིགས་ཡུལ་ནི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་སྔར་བས་འགོག་བཅོས་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་བསམ་འཆར་བསྡུ་ལེན་མ་ཟིན་གྱི་གསལ་བཤད་ནང་མིག་སྔར་རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་ལ་བྱེད་པོའི་འགན་འཁྲི་གསལ་པོ་མེད་པ་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། སྔོན་འགོག་དང་ཚོད་འཛིན་ལས་ཀ་དེ་ཙམ་ཚད་ལྡན་མ་ཡིན་པ་སོགས་ཀྱི་གནད་དོན་གནས་ཡོད་པས། ཁྲིམས་བཟོས་ནས་ཚད་ལྡན་བཟོ་བ་དང་འགན་ལེན་བྱེད་དགོས་ངེས་རེད་ཅེས་བསྟན་ཡོད།
        བསམ་འཆར་མ་ཟིན་ནང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་གཙོ་གཉེར་སྡེ་ཚན་གྱིས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་ལྟ་སྐུལ་དོ་དམ་ལས་དོན་གྱི་འགན་འཁུར་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག་བསམ་འཆར་མ་ཟིན་ནང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་པས་ཐོན་སྐྱེད་གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་སྦྲགས། རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་བར་གཞོགས་འདེགས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
        བསམ་འཆར་མ་ཟིན་གཞིར་བཟུང་། ཞིང་ལས་སྐྱེ་དངོས་རིགས་དང་པོ་དང་གཉིས་པར་ནད་འབུའི་གནོད་འཚེ་ཚབས་ཆེན་ཐོན་སྐབས། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འགོག་བཅོས་གྲོན་དངུལ་ཁ་གསབ་བྱེད་དགོས་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱ་ཆེད་འདེབས་འཛུགས་བྱས་པའི་ཞིང་ལས་སྐྱེ་དངོས་དང་དེ་བཞིན་དེའི་ཐོན་རྫས་བཙན་ཤེད་ཀྱིས་མེད་པར་བཟོ་དགོས་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁ་གསབ་སྤྲོད་དགོས།
        གཞན་ཡང་བསམ་འཆར་མ་ཟིན་ནང་སྣོད་བཅུད་བཅོས་སྒྲིག་དང་། གནོད་མེད་འདེབས་གསོ། སྐྱེ་དངོས་འགོག་བཅོས། དངོས་ཁམས་འགོག་བཅོས་སོགས་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་དང་སྔོན་ཐོན་གྱི་སྨན་གཏོར་ཡོ་བྱད། དེ་བཞིན་བདེ་འཇགས་དང་ནུས་ཆེའི་ཞིང་སྨན་སྤྱོད་རྒྱུར་རྒྱལ་ཁབ་ཀྱིས་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཅིང་། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་བྱ་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།
         སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་2017ལོའི་ཟླ་12ཚེས་17ཉིན་གོང་ཀྲུང་གོའི་སྲིད་གཞུང་གི་ཁྲིམས་ལུགས་ཆ་འཕྲིན་དྲ་བར་ཞུགས་ནས་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་ཆོག་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།