འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་ཟླ་11ཚེས་20ཉིན་ནས་བཟུང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་
    ཨང་རྟགས་ཁག་གསུམ་ལ་ཕྱེ་སྟེ་ཁྱབ་གདལ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་སྤྱི་བདེ་པུས་ཡོངས་བསྒྲགས་བྱས་པར། 2017ལོའི་ཟླ་11ཚེས་20ཉིན་ནས་བཟུང་རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ཨང་རྟགས་ཁག་གསུམ་ལ་ཕྱེ་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་སྟེ། ཧོ་པེའི་པའོ་ཏིང་དང་ལང་ཧྥང་དང་། ཅི་ལིན་གྱི་ཁྲང་ཁྲུན། ཨན་ཧུའེ་ཡི་ཧོ་ཕེ། ཧྥུའུ་ཅན་ཡི་ཧྥུའུ་ཀྲོའུ། ཧྲན་ཏུང་གི་ཆིང་ཏའོ། ཧོ་ནན་གྱི་ཀྲེན་ཀྲོའུ། ཀོང་ཏུང་གི་ཀྲུང་ཧྲན། ཀོང་ཤིས་ཀྱི་ལེའུ་ཀྲོའུ། ཁྲུང་ཆིང་། སི་ཁྲོན་གྱི་ཁྲེང་ཏུའུ། ཡུན་ནན་གྱི་ཁུན་མིང་སོགས་གྲོང་ཁྱེར་12སུ་གཅིག་གྱུར་ཐོག་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ཨང་རྟགས་ཁག་དང་པོ་སྤྱོད་འགོ་ཚུགས་རྒྱུ་དང་། འདི་ལོའི་ལོ་མཇུག་གོང་ཞིང་ཆེན་དང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡོངས་རྫོགས་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་འགའ་ཤས་སུ་སྤྱོད་འགོ་ཚུགས་རྒྱུ་ཡིན་ཞིང་། 2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྒྱུ་རེད།
         ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ཨང་རྟགས་སྤྱོད་འགོ་ཚུགས་པ་དེས་རླངས་འཁོར་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་འཚོའི་དགོས་མཁོ་སྐོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེ་གོང་ཧྲང་ཧའེ་དང་། ནན་ཅིང་། ཝུའུ་ཤིས། ཅི་ནན། ཧྲེན་ཀྲེན་སོགས་གྲོང་ཁྱེར་5རུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ཨང་རྟགས་ཁྲི་11ཚོད་སྤྲོད་བྱས་པ་དང་། ཚོད་ལྟའི་འཕེལ་རིམ་བདེ་བླག་དང་ཕན་འབྲས་བཟང་པོ་བྱུང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ཨང་རྟགས་དེར“ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། ཚན་རྩལ”བཅས་ཀྱི་དོན་སྙིང་ལྡན་པ་དང་། ཚོས་གཞི་ལྗང་གུས་གཙོ་བོར་བྱས་ཏེ་ཆེད་སྤྱོད་མཚོན་རྟགས་མང་དུ་བཏང་བ་དང་རྣམ་པ་གསར་པ་དང་། རྒྱུ་ཆ་གསར་པ། བཟོ་རྩལ་གསར་པ། རྫུན་འགོག་ལག་རྩལ་གསར་པ་བཅས་སྤྱད་ཡོད་པས་དོ་དམ་གྱི་དབྱེ་བ་དང་དབྱེ་འབྱེད་བྱེད་བདེ་པོ་ཡོད་ལ། ནུས་རྒྱུ་གསར་པའི་ཁྱད་ཆོས་དང་ལག་རྩལ་གསར་གཏོད་ཀྱང་མངོན་གྱི་ཡོད། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཆུང་གྲས་ཀྱི་ཆེད་སྤྱོད་ཨང་རྟགས་ཀྱི་གཞི་མདོག་རིམ་འགྱུར་ལྗང་གུ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཆེ་གྲས་ཀྱི་ཆེད་སྤྱོད་ཨང་རྟགས་ཀྱི་གཞི་མདོག་སེར་པོ་དང་ལྗང་གུ་མཉམ་དུ་བསྲེས་ནས་སྤྱད་ཡོད་པ་རེད།
        དེ་དང་ཆབས་ཅིག་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཆེད་སྤྱོད་ཨང་རྟགས་ཀྱི་མ་གནས་གྲོན་དངུལ་ལ་འགྱུར་ལྡོག་བཏང་མེད་པ་དང་། སྔར་བཞིན་ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རླངས་འཁོར་དཀྱུས་མའི་ཨང་རྟགས་ཀྱི་འགྲོ་གྲོན་ཚད་གཞི་ལག་བསྟར་བྱེད་བཞིན་ཡོད་པ་དང་ཨང་རྟགས་རེར་སྒོར་100རེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།