འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྐོར་བྲོ་རྒྱལ་ཡོངས་སུ་ཁྱབ་པའི་ཐང་ཆེན་ཞབས་བྲོར་འགྱུར་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བར་རང་བྱུང་གི་ལེགས་ཆ་ལྡན་ཡོད། དེས་ན་རྣམ་གྲངས་དེ་དག་གིས་གཟུགས་གཞི་བདེ་ཐང་ཡོང་བར་ཚན་རིག་དང་མཐུན་པའི་དགེ་མཚན་འདོན་སྤེལ་ཇི་ལྟར་བྱེད་ཐུབ་བམ། བོད་ཀྱིས་སྐོར་བྲོ་ཚད་བརྒལ་དུ་བྱས་ནས་ཇུས་འགོད་དང་འཚོལ་ཞིབ་རབ་དང་རིམ་པ་བྱེད་བཞིན་ཡོད།
         ནང་སར་མི་ཚོར་ཐང་ཆེན་ཞབས་བྲོ་དང་ལུས་སྦྱོང་ལུས་རྩལ་ནི་རྒན་རྒོན་ཚོས་འཁྲབ་བྱེད་ཅིག་ཡིན་པའི་ཚོར་སྣང་ཡོང་གི་ཡོད། དེས་ན་བོད་རིགས་མང་ཚོགས་ཀྱི་ངོས་ནས་བརྗོད་ན་སྐོར་བྲོ་སོགས་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་ནི་ཧ་ལམ་དམངས་ཡོངས་ཀྱིས་ཤེས་དགོས་པའི་རྩལ་ནུས་ཤིག་ཏུ་གྱུར་ཡོད། ཉིན་ལྟར་ཞོགས་པ་སྔ་པོ་ནས་ཕོ་བྲང་པོ་ཏ་ལའི་གཤམ་དུ་ཞབས་བྲོ་འཁྲབ་མཁན་རྒན་རྒོན་ལུས་སྦྱོང་རུ་ཁག་མཐོང་རྒྱུ་ཡོད་ལ། ལྷ་སའི་མཚན་མོར་ཕྱི་ཕྱོགས་སུ་བསྐྱོད་ཚེ་རྟག་ཏུ་སྒྲ་ཕབ་འཕྲུལ་ཆས་ལ་བསྐོར་ནས་གླུ་ལེན་གར་འཁྲབ་བྱེད་པའི་ན་གཞོན་གྲོང་མི་མང་དག་ཅིག་ཀྱང་མཐོང་རྒྱུ་ཡོད།
         སི་ཁྲོན་ལུས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཡན་ཧུང་གིས“ལུས་སྦྱོང་རྣམ་གྲངས་ནི་ཁྱབ་ཁོངས་ཆེ་བའི་མི་ཚོགས་ཁྲོད་ཁྱབ་གདལ་གཏོང་རྒྱུར་འཚམ་པ་དང་། སྐོར་བྲོ་ནི་མཉམ་སྡེབ་ཀྱི་ཞབས་བྲོ་ཞིག་ཡིན་པས། བོད་རིགས་མང་ཚོགས་མང་ཆེ་བ་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་སྤྱི་ཚོགས་དང་མི་རིགས་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་ཧྲུའུ་ཅི་ཧྥེན་ཀྲེན་ཆང་གིས་སྐོར་བྲོ་ནི་བོད་ཀྱི་གྲོང་ཚོ་དང་སྦྲ་གུར་ཚང་མའི་ནང་འཁྲབ་པའི་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་ཞིག་ཡིན་སྟབས། དེ་ནི་མིག་སྔར་དམངས་ཡོངས་ཀྱི་ལུས་སྦྱོང་ལ་དམ་འཛིན་བྱེད་གཞི་ཅུང་ནུས་ལྡན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
         བོད་དུ་ས་བབ་མཐོ་བ་དང་མཁའ་རླུང་འདུས་ཚད་དམའ་བའི་རྐྱེན་གྱིས་རྟག་ཏུ་ལུས་རྩལ་བྱེད་སྒོ་སྤེལ་མི་ཐུབ་པའི་ཁུལ་དུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཡན་ཧུང་གིས་སྐོར་བྲོ་ནི་གསོ་རླུང་འབུད་ལེན་བྱེད་པའི་ལུས་རྩལ་ཞིག་ཡིན་པ་ཕུད་སྟབས་བདེ་ལ་སྦྱོང་སླ་བ་ཞིག་ཡིན་པས་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་ཞུགས་རྒྱུར་འཚམ་པོ་ཡོད་ཅེས་བཤད་པ་རེད།
         ཡན་ཧུང་གིས“ཞབས་བྲོ་གཏན་ནས་འཁྲབ་མྱོང་མེད་པའི་ཡུལ་སྐོར་བ་མང་པོ་ཞིག་བོད་དུ་སླེབས་མ་ཐག་སྐོར་བྲོ་འཁྲབ་ཤེས་ཀྱི་ཡོད་སྟབས་ཞབས་བྲོ་དེ་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུར་འོས་ཤིང་འཚམ་པ་ཞིག་ཡོད”ཅེས་བཤད།
         བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཁང་མདུན་གྱི་ཐང་ཆེན་སྟེང་དུ་དགོང་ལྟར་སྐོར་བྲོ་འཁྲབ་མཁན་གཞོན་ནུ་ཁག་གཅིག་འཛོམས་ཏེ་ཁོང་ཚོས་རྐང་པའི་སྟངས་སྟབས་ཙམ་ལས་ལག་པ་ཕལ་ཆེ་བ་སྟོད་ཐུང་དང་གོས་ཐུང་གི་ཁུག་མར་བཅུག་ནས་སྟངས་སྟབས་གང་ཡང་སྟོན་གྱི་མེད་པ་རེད།
         ཡན་ཧུང་གིས“སྲོལ་རྒྱུན་གྱི་སྐོར་བྲོ་དེ་ལུས་སྦྱོང་ཁྲོད་བཀོལ་སྤྱོད་བྱས་ཚེ་ད་དུང་ལེགས་བཅོས་ཕྲན་བུ་བྱེད་དགོས་ཀྱི་ཡོད། དཔེར་ན་ས་ཁུལ་ལ་ལའི་སྐོར་བྲོའི་ལག་པའི་སྟངས་སྟབས་རྐྱང་པ་ཡིན་མོད། འོན་ཀྱང་ཚན་རིག་དང་མཐུན་པའི་ལུས་སྦྱོང་ཞབས་བྲོས་ལུས་པོ་ཡོངས་འགུལ་ཐུབ་ཀྱི་ཡོད”ཅེས་བཤད།
         དམངས་ཁྲོད་སྐོར་བྲོ་དེར་གཏན་འཇགས་ཀྱི་རོལ་དབྱངས་མང་པོ་ཡོད་མོད། འོན་ཀྱང་དམངས་ཡོངས་ལུས་སྦྱོང་གི་རྣམ་གྲངས་ཡིན་པའི་ངོས་ནས་ལུས་སྦྱོང་སྐོར་བྲོར་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བ་དང་འབྲེལ་དམངས་ཁྲོད་མཉམ་སྡེབ་ཀྱི་དཔྱད་གཞིར་འཛིན་པའི་ཚད་གཞི་ཅན་གྱི་སྟངས་སྟབས་ཆ་ཚང་ཞིག་ཆགས་མེད།
         ཡན་ཧུང་གིས“དེས་ན་སྐོར་བྲོའི་སྟངས་སྟབས་མཛེས་ཤིང་འགུལ་ཚད་ཆེ་བ་དང་མཉེན་ངར་འཛོམས་པས་དེ་ལུས་སྦྱོང་ཞབས་བྲོར་འགྱུར་རྒྱུར་དེ་བས་སྟབས་བདེ་བ་ཡོད”ཅེས་ངོས་འཛིན་བྱས་པ་དང་། མིག་སྔར་ལུས་སྦྱོང་ཞབས་བྲོའི་སྟངས་སྟབས་ཕལ་ཆེ་བ་མཉེན་ཆ་དོད་པས་ལུས་པོའི་འགུལ་ཚད་འདང་གི་མེད་ལ་སྐྱེས་པ་རྣམས་དེའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཡང་ཆེན་པོ་མེད་པའི་ངོས་འཛིན་བྱས་ཡོད།
         ཡན་ཧུང་གིས“མདོར་ན་ངེད་ཚོས་སྐོར་བྲོ་དེ་ཚད་དང་ལྡན་པའི་རྣམ་གྲངས་ཤིག་ཏུ་བཟོས་ཚེ་མི་དེ་བས་མང་བ་ཞུགས་རྒྱུར་སྟབས་བདེ་སྐྲུན་ཐུབ”ཅེས་བཤད།
         དོན་དངོས་ཐོག་བོད་ཀྱི་ས་ཆ་ཁག་ཏུ་རང་སོ་སོའི་ཁྱད་ཆོས་ལྡན་པའི་ལུས་སྦྱོང་ཞབས་བྲོའི་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཉེ་དུས་གྲོགས་ཚོགས་ནང་བསྐུར་མང་བའི་ཆབ་མདོ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱང་བསྒྲགས་ལུས་རྩལ་དེ་དཔེ་མཚོན་ཞིག་ཡིན། ཆབ་མདོ་གྲོང་ཁྱེར་གཙང་གསུམ་བྱ་རྟ་མང་ཚོགས་སྒྱུ་རྩལ་ཁང་གིས་བརྩམས་པའི་ལུས་སྦྱོང་དེར་ཁྱོན་ལེའུ་བརྒྱད་ཡོད་པ་དང་ལེའུ་རེར་མངོན་མིན་རིག་གནས་ཤུལ་བཞག་གི་མིང་བྱང་ལ་ཚུད་པའི་ས་གནས་ཀྱི་ཞབས་བྲོ་བཅུག་པ་ལས་ཆབ་མདོའི་བྲོ་ཆེན་དང་སྨར་ཁམས་ཀྱི་པི་ཝང་ཞབས་བྲོ་སོགས་ཚུད་ཡོད། ས་ཁུལ་དང་གྲོང་ཁྱེར་ཁ་ཤས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཀྱང་མི་རིགས་ཞབས་བྲོའི་སློབ་གསེང་ལུས་རྩལ་གསར་རྩོམ་བྱས་ཡོད།
         དེར་བརྟེན་ཧྥེན་ཀྲེན་ཆང་གིས“ང་ཚོས་ལུས་སྦྱོང་སྐོར་བྲོའི་སློབ་གསེང་ལུས་རྩལ་ཆ་ཚང་ཞིག་བཟོས་ཏེ་རང་སྐྱོང་ལྗོངས་ཡོངས་སུ་ཁྱབ་གདལ་གཏོང་རྩིས་ཡོད”ཅེས་བཤད།
         བོད་ཀྱིས་ཀྱང་རྒྱལ་ཡོངས་རང་བཞིན་གྱི་ལུས་སྦྱོང་སྐོར་བྲོའི་འགྲན་བསྡུར་ཞིག་གཉེར་རྩིས་ཡོད། ཧྥེན་ཀྲེན་ཆང་གིས“ང་ཚོས་ས་ཆ་ཁག་གི་ཞབས་བྲོའི་ཁྱད་ཆོས་མུ་མཐུད་སྔོག་འདོན་བྱས་ཏེ་ལུས་སྦྱོང་སྐོར་བྲོའི་སྐར་མ་རྒྱག་པའི་ཚད་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཆེད་མངག་གི་རྩལ་སློབ་པ་དང་ཤན་འབྱེད་པ་གསོ་སྦྱོང་བྱས་ཐོག་རྒྱལ་ཡོངས་ལ་ཁྱབ་པའི་ལུས་སྦྱོང་སྐོར་བྲོའི་སྤུས་རྟགས་རང་བཞིན་གཏོད་པའི་འགྲན་བསྡུར་ཞིག་གཉེར་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།