འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་ལག་རྟགས"ཀྱིས་ཁེན་ནི་ཡའི་སློབ་མར་ཕུགས་འདུན་མངོན་འགྱུར་བྱེད་པའི་
    གཤོག་ཟུང་བསྒར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་གནས་པའི་ཁེན་ནི་ཡའི་ལག་རྩལ་དགེ་འོས་སློབ་གླིང་དུ་ཉེ་དུས་ཀྲུང་གོའི་དམིགས་བསལ་གྱི་སྐུ་མགྲོན་ཁག་གཅིག་སླེབས། ཁོང་ཚོས་ཀྲུང་གོའི་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི“ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སི་ཡི་ལས་གོས་གྱོན་ནས་གྲངས་འཛིན་འཕྲུལ་སྟེགས་དང་གྲངས་འཛིན་འཕྲུལ་སྟེགས་སོགས་སྒྲིག་ཆས་ཆེ་གྲས་དང་དེ་བཞིན་དེའི་རམ་འདེགས་སྒྲིག་ཆས་20ལྷག་ཙམ་སློབ་གླིང་གི་བཀོལ་སྤྱོད་ཁང་ནང་བཀོད་སྒྲིག་བྱས་ནས་སྙོམས་སྒྲིག་ཚོད་ལྟ་བྱས་པ་རེད།

    ལོ་བཅུ་དགུར་སླེབས་པའི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཨའེ་སི་ཐེས་སློབ་དུས་རྗེས་མའི་སློབ་ཚན་ནང་ཀྲུང་གོའི་ལན་པར་གྱི་དེང་རབས་ཅན་གྱི་སྒྲིག་ཆས་སྤྱོད་རྒྱུ་ཡིན་པ་ཤེས་འཕྲལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཁོ་མོས་གྲངས་འཛིན་འཕྲུལ་སྟེགས་ཆེན་པོ་དེར་ཡུན་རིང་མིག་ཅེར་བལྟས་ནས་བསྡད།
         “ཀྲུང་གོས‘ལག་རྟགས’ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རྗེས་ཀྱི་སློབ་སྦྱོང་དེ་བརྗེད་དཀའ་བ་ཞིག་ཡོང་ངེས་རེད”ད་ཆ་སློབ་གྲྭའི་སློབ་ཁྲིད་ཐད་སྤྱོད་པའི་སྒྲིག་ཆས་མང་ཆེ་བ་ནི་དཀྱུས་མ་ཤ་སྟག་རེད་ཅེས་བཤད།
         ཁེན་ནི་ཡའི་ལག་རྩལ་དགེ་འོས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཤིའར་ཏ་ཡིས་འདི་ནི་སློབ་གྲྭ་འདིས་ཀྲུང་གོའི་ལན་པར་གྱི་ལས་རིགས་སློབ་གསོའི་སྒྲིག་ཆས་ནང་འདྲེན་བྱེད་ཐེངས་ཐོག་མ་དེ་རེད། དེང་རབས་ཅན་གྱི་སྒྲིག་ཆས་འདི་དག་གིས་སློབ་གྲྭ་འགྲིམ་བཞིན་པའི་སློབ་མའི་བཀོལ་སྤྱོད་རྩལ་ནུས་ཆེ་རུ་འགྲོ་རྒྱུར་ཕན་པ་མ་ཟད། ཁེན་ནི་ཡའི་ལས་རིགས་སློབ་གསོ་དང་བཟོ་ལས་ཐོན་སྐྱེད་དགོས་མཁོའི་དབར་གྱི་ཧེ་བག་གསབ་ཐུབ་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་བྱུང་།
         ཁེན་ནི་ཡའི་ལག་རྩལ་དགེ་འོས་སློབ་གླིང་གིས་རྩིས་བླངས་པའི་སྒྲིག་ཆས་འདི་དག་ནི་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཁག་གཉིས་པའི་གན་རྒྱའི་ཁྲོད་ཀྱི་ཁག་དང་པོར་རྩིས་སྤྲོད་རྩིས་ལེན་དང་སྒྲིག་སྦྱོར་བྱས་པའི་སྒྲིག་ཆས་ཤིག་རེད། ཀྲུང་གོ་རྒྱལ་སྤྱིའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་ཅིང་ལི་ཀྲའོ་ལེ་ལེ་ཡིས་2010ལོར་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སི་དང་ཁེན་ནི་ཡའི་སློབ་གསོ་པུའུ་དབར་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཁག་དང་པོའི་གན་རྒྱར་མིང་རྟགས་བཀོད་ཅིང་། གན་རྒྱའི་ནང་ཁེན་ནི་ཡར་ལས་རིགས་སློབ་གླིང་10བསྐྲུན་རྒྱུ་མ་ཟད། སློབ་གླིང་འཆར་འགོད་དང་ཆེད་ལས་ཀྱི་སྒྲིག་ཆས་སོགས་ཀྱི“ཐག་གཅོད་བྱེད་ཐབས་ཁག་གཅིག”མཁོ་འདོན་བྱ་རྒྱུ་འཁོད་ཡོད། 2013ལོར་ཕྱོགས་གཉིས་པོའི་དབར་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཁག་གཉིས་པའི་གན་རྒྱ་བཞག་ནས་ཁེན་ནི་ཡའི་སློབ་ཆེན་དང་འབྲིང་རིམ་ཆེད་ཚན་སློབ་གྲྭ་130ལྷག་ཙམ་ལ་སྒྲིག་ཆས་མཁོ་འདོན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         ཟླ་7ཚེས་18ཉིན་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སིས་ཁེན་ནི་ཡའི་སློབ་གསོ་པུར་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་དུས་ཁག་གཉིས་པའི་གན་རྒྱའི་སྒྲིག་ཆས་ཐོག་མ་རྩིས་སྤྲད་ཅིང་། ཁེན་ནི་ཡའི་སློབ་ཆེན་དང་འབྲིང་རིམ་ཆེད་ཚན་སློབ་གྲྭ20ལ་མཁོ་འདོན་བྱས་པའི་དངོས་ཟོག་ནང་འཕྲུལ་གློག་གཞི་གཅིག་ཅན་གྱི་སྒྲིག་ཆས་དང་། གློག་རྡུལ་གློག་ལས། རླངས་འཁོར་ཉམས་གསོའི་སྒྲིག་ཆས་སོགས་ཚུད་ཡོད། ཁེན་ནི་ཡའི་ཙུང་ཐུང་ཨུ་ཧུའུ་ལུའུ·ཁེན་ཡ་ཐ་དང་ཙུང་ཐུང་གཞོན་པ་ཝེ་ལེན·ལུའུ་ཐུའོ་སོགས་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད། ཀྲའོ་ལེ་ལེ་ཡིས་ཟླ་10ཚེས་3ཉིན་བར་ཁེན་ནི་ཡའི་ལག་རྩལ་དགེ་འོས་སློབ་གླིང་ཚུད་པའི་སློབ་གླིང་བརྒྱད་དུ་སྒྲིག་ཆས་སྒྲིག་སྦྱོར་ཟིན་ཡོད་ཅེས་བཤད།
         ཀྲུང་གོའི་སློབ་ཁྲིད་སྒྲིག་ཆས་གང་ལེགས་སྤྱོད་ཆེད་ཁེན་ནི་ཡའི་ལག་རྩལ་དགེ་འོས་སློབ་གླིང་གིས་སློབ་ཕྲུག་20ནས་25བར་གྱི་འཛིན་གྲྭ་ཆུང་ངུའི་སློབ་ཚན་ཁྲིད་རྩིས་ཡོད་པ་རེད། སློབ་གྲྭ་ཕྱོགས་ཀྱིས་ཚོད་དཔག་བྱས་དོན། འཕྲུལ་གློག་ལས་གྲྭའི་ཆེད་ལས་ཁོ་ནའི་སློབ་མ་300ལྷག་ཙམ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད།
         “རྩལ་ནུས་དེ་དག་ལྡན་པས་སློབ་གྲྭ་ཐོན་སྐབས་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ཡོང་ངེས་རེད”ཅེས་ཨའེ་སི་ཐེས་འབྲེལ་ཡོད་སློབ་སྦྱོང་བྱས་པ་བརྒྱུད་རླངས་འཁོར་བཟོ་སྐྲུན་ནམ་ཡང་ན་ཉམས་གསོའི་ལས་རིགས་ཁྲོད་ནས་བློ་ལ་འབབ་པའི་ལས་ཀ་ཞིག་རག་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཁེན་ནི་ཡའི་ལག་རྩལ་སློབ་ཆེན་ནི་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་རྣམ་གྲངས་ཁྲོད་ནས་ཕན་པ་ཐོབ་པའི་སློབ་གླིང་སྔ་ཤོས་གྲས་ཤིག་རེད། གྲངས་འཛིན་འཕྲུལ་སྟེགས་འཁོར་ཁང་དུ་སློབ་གྲྭ་ཐོན་པའི་སློབ་མ་ཁག་གཅིག་གིས་གྲངས་འཛིན་འཕྲུལ་སྟེགས་གཡར་ནས་བཟོ་གྲྭར་འཕྲུལ་ཆས་ཐོན་རྫས་ལས་སྣོན་བྱེད་བཞིན་འདུག
         བྲེལ་བས་ཁེངས་པའི་འཕྲུལ་སྟེགས་འཁོར་ཁང་དཀྱུས་མར་འགྲོ་སྐབས་ལོ་23ལ་སླེབས་པའི་གཡོད་སེ་ཧྥུའུ་ཡིས་སློབ་མ་ཁག་གཅིག་ལ་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་བསླབ་བཞིན་འདུག ལོ་བཞིའི་གོང་ཁོ་བོ་ནི་གད་པ་ཞིག་ཡིན་པ་དང་ཕྱིས་སུ་ཀྲུང་ཁེན་རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་རྣམ་གྲངས་དང་ལས་དབང་གཅིག་ཏུ་སྦྲེལ་ནས། ཁོ་བོ་འཁོར་ཁང་དུ་གད་པ་དང་སྒྲིག་ཆས་ལྟ་སྲུང་བྱེད་མཁན་གྱི་བཟོ་པར་གྱུར་ཡོད།
         ཚེ་གང་གད་པ་བྱེད་མི་འདོད་པའི་གཡོད་སེ་ཧྥུའུ་ཡིས་2014ལོར་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སིའི་ཕྱི་རྒྱལ་གྱི་སྤྱི་ཕན་བྱེད་སྒོ་སྟེ། ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་ཀྱི་འགྲན་རྩོད་འགྲན་བསྡུར་ནང་ཞུགས། འཕྲུལ་སྟེགས་ལས་སྣོན་སོགས་བཀོལ་སྤྱོད་ཀྱི་གསོ་སྦྱོང་ནང་ཞུགས་པ་བརྒྱུད་ཁོ་བོའི་ལས་དབང་ལ་ཁ་ལོ་སྒྱུར། ད་ཆ་ཁོ་བོ་ཁེན་ནི་ཡ་ལག་རྩལ་སློབ་ཆེན་གྱི་སྒྲིག་ཆས་གསོ་སྦྱོང་དགེ་རྒན་ཡིན་པའི་ངོས་ནས་ཉིན་ལྟར་འཁོར་ཁང་དུ་སྒྲིག་ཆས་ཞིབ་འཇུག་ལས་ལ་དབྱིངས་ཚུད་ནས་སྡོད་ཀྱི་ཡོད།
         ལས་རིགས་སློབ་གསོའི་རྣམ་གྲངས་སྔར་བས་ཁྱབ་གདལ་འགྲོ་བ་དང་བསྟུན་ནས་ཨ་ཧྥེ་རི་ཁའི་གཞོན་ནུ་མང་པོ་ཞིག་གིས་ཀྲུང་གོའི་ལན་པར་གྱི་ལས་རིགས་སློབ་གསོའི་སྒྲིག་ཆས་བརྒྱུད་ལས་དབང་ལ་ཁ་ལོ་བསྒྱུར་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཀྲའོ་ལེ་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཁེན་ནི་ཡ་ཕུད་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སིས་ད་དུང་ཝུ་ཀན་ཏ་དང་། ཙན་པི་ཡ། ཀག་ན་སོགས་རྒྱལ་ཁབ་དབར་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱི་གན་རྒྱར་མིང་རྟགས་ཀྱང་བཀོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།