འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གསེར་སེར་པོའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་1.21ཟིན་པ་ཤེས་ནས་
    འཛམ་གླིང་གི་ཨང་གཉིས་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་གསེར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲང་ཡུང་ཐའོ་ཡིས་2016ལོའི་བར་རང་རྒྱལ་གྱི་གསེར་སེར་པོའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་1.21ཟིན་པ་ཤེས་ནས་ཨ་ཧྥེ་རི་ཁ་ལྷོ་མ་ཕུད་པའི་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་ཅེས་བཤད།
         ཀྲང་ཡུང་ཐའོ་ཡིས་ཉེ་ཆར་སྤེལ་བའི“རྒྱུད་གཅིག་ལམ་གཅིག”གི་གསེར་སེར་པོའི་ཐོན་ལས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་བརྡ་གཏོང་ཚོགས་འདུའི་ཐོག་གོང་གསལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
         ཀྲང་ཡུང་ཐའོ་ཡིས་མིག་སྔར་ཀྲུང་གོའི་གསེར་ལས་ཧྲིལ་པོའི་འཕེལ་རྒྱས་སྐྱོན་བྲལ་བརྟན་ལྷིང་ཡིན་ཞིང་། གསེར་སེར་པོས་གཙོས་ལྕགས་རིགས་སྣེ་མང་མཉམ་དུ་གསར་སྤེལ་བྱེད་ཀྱི་ཡོད། 2016ལོར་རང་རྒྱལ་གྱི་གསེར་ཉོ་ཚོང་ཁང་གི་ཉོ་ཚོང་བྱེད་ཚད་ཏུན་ཁྲི་2.4(ཕྱོགས་རྐྱང་པ)ཟིན་པ་དང་། དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་གི་ཉོ་ཚོང་བྱེད་ཚད་ཏུན་ཁྲི་3.9(ཕྱོགས་རྐྱང་པ)ཟིན་པ། ཚོང་ལས་དངུལ་ཁང་གི་ཕྱི་ཕྱོགས་ཉོ་ཚོང་བྱེད་ཚད་ཏུན་ཁྲི་0.7ཟིན་ནས་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་ཏུན་ཁྲི་7ཟིན་ཡོད་ཅེས་བཤད། ཁོང་གིས་སྔོན་རྩིས་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲངས་ཀ་དེ་ཏུན་ཁྲི་10ཡན་ཟིན་རེ་ཡོད་པ་རེད།
        ཀྲང་ཡུང་ཐའོ་ཡིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་གསེར་དང་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། འཛད་སྤྱོད་དགོས་མཁོ་ཆེ་བ། མ་འཇོག་ཉོ་ཚོང་འཁྲུག་ཆ་དོད་པ་བཅས་ཀྱིས་འཛམ་གླིང་གི་གསེར་གྱི་ཐོན་ལས་རིན་ཐང་སྦྲེལ་ཐག་ཁྲོད་ཐོབ་ཆ་དང་གནས་བབ་གལ་ཆེན་བཟུང་ཡོད་པ་རེད། སྣེ་ཁྲིད་རང་བཞིན་གྱི་ལས་རིགས་ཤིག་ཡིན་པའི་གསེར་གྱི་ངོས་ནས་རང་རྒྱལ་དང་ལམ་རྒྱུད་རྒྱལ་ཁབ་ཀྱིས་གསེར་རྩད་གཅོད་དང་། སྔོག་འདོན། ལས་སྣོན། འཛད་སྤྱོད། མ་འཇོག ཉོ་ཚོང་བཅས་ཀྱི་མཉམ་ལས་ལ་སྔོན་ལ་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་གསེར་གྱི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། “རྒྱུད་གཅིག་ལམ་གཅིག”གི་གསེར་སེར་པོའི་ཐོན་ལས་ཀྱི་མཐོ་རིམ་གླེང་སྟེགས་ཟླ་10ཚེས་12ཉིན་འཚོག་རྒྱུ་ཡིན་པ་དང་། གླེང་སྟེགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གཅིག་སྡུད་བྱེད་པའི་རྒྱབ་ལྗོངས་འོག་རང་རྒྱལ་གྱི་གསེར་ལས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས། ལྗང་མདོག་གསར་གཏོད་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་གོ་ལ་ཧྲིལ་པོའི་གསེར་གྱི་ཐོན་ལས་སྤེལ་རེས་མཉམ་ལས་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་སྟེགས་བུ་བསྐྲུན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།