འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ས་མཐོའི་ལུག་ནག་ལ་བརྟེན་ནས་འབྲོག་པ་ཚོའི་ཡོང་འབབ་འཕར་ཐབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན། ཉིན་དགུང་སྐབས་སུ་འབྲོག་པ་ཕག་མོ་སྐྱིད་ཀྱིས་ལྕི་སྐམ་སླེ་པོ་གང་འཁུར་ནས་སྦྲ་གུར་དུ་འཛུལ་ཏེ་དུ་བ་ལྷོག་ལྷོག་ཏུ་འཕྱུར་བཞིན་གུང་ཇ་སྐོལ་བཞིན་འདུག
         ཕག་མོ་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་གི་ལུག་ནག་གསོ་ཚགས་ར་བའི་འབྲོག་པ་ཞིག་ཡིན། ཁོ་མོས“བོད་ལུག་ནག་པོ་ནི་ང་ཚོ་ལུག་ནག་གསོ་ཚགས་ར་བའི་ནོར་བུ་དང་རྩྭ་ཐང་གི་མུ་ཏིག་ནག་པོ་ལྟ་བུ་ཡིན”ཞེས་བརྗོད་པ་རེད།
         གསེར་ཆེན་གཤོང་ས་དང་མཚོ་བོད་ས་མཐོའི་བྱང་ཤར་མཚམས་སུ་གནས་པའི་མང་རྫོང་དུ་དགུན་ཁར་གྲང་ངར་ཆེན་པོ་མེད་ལ་དབྱར་ཁར་ཚ་གདུག་ཆེན་པོ་ཡང་མེད་པས་རྩྭ་ཐང་འབྲོག་ལས་གཉེར་བར་ཧ་ཅང་འཚམ། ངོ་སྤྲོད་བྱས་པར་གཞིགས་ན། མང་རྫོང་ལུག་ནག་གསོ་ཚགས་ར་བ་ནི་བོད་ལུག་ནག་པོ་ཐོན་སྐྱེད་ཁུལ་གཙོ་བོ་ཡིན་ལ། ད་ཆ་དེ་གར་བོད་ལུག་ནག་པོ་6263ཡོད་པ་རེད།
         ལུག་ནག་གསོ་ཚགས་ར་བའི་ཁྲང་ཀྲང་ནོར་ཁོས་ཕྱིར་དྲན་བྱས་པར་གཞིགས་ན། དུས་རབས་ཉི་ཤུའི་དུས་འགོ་ནས་བཟུང་། ལུ་གུ་སྐྱེ་རན་དུས་ཧྲན་ཤིས་དང་། ཧྲའན་ཤིས། ཧོ་ནན་སོགས་ཞིང་ཆེན་ཕྱིའི་ཚོང་པ་མང་པོ་སུམ་མདོ་དང་ཀླུ་ཚང་སོགས་ནས་ཚར་ནག་ཉོས་ཏེ་ནང་སར་ལས་སྣོན་བྱས་ནས་བཙོངས་པར་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་རེད།
         “ད་ཆ་ལུག་ནག་གི་ཚ་རུའི་རིན་གོང་སྔོན་ཆད་དང་བསྡུར་ན་ཧ་ཅང་ཆག་འདུག ཡིན་ན་ཡང་ཤའི་འཚོ་བཅུད་ཡག་པོ་ཡོད་རྐྱེན་རིན་གོང་བརྟན་པོའི་ངང་འཕར་བཞིན་འདུག ད་ཆ་ལུག་ནག་གི་ཤའི་རིན་གོང་ལུག་དཀར་དང་བསྡུར་ན་རྒྱ་མ་རེར་ཆ་སྙོམས་སྒོར་7མཐོ་བ་འདུག་པས། འབྲོག་པའི་ཡོང་འབབ་ཀྱང་ཅུང་འཕར་ཡོད”ཅེས་ནོར་ཁོས་བཤད་པ་རེད།
         2013ལོར་མང་རྫོང་གིས་བོད་ལུག་ནག་པོའི་གསོ་ཚགས་མཐུན་ཚོགས་བཙུགས་པ་དང་ཆབས་ཅིག་མཚོ་སྔོན་མང་རྫོང་ས་མཐོའི་འབྲོག་ལས་དང་མཉམ་ལས་བྱས་པར“ཁེ་ལས+མཉམ་ལས་ཁང+འབྲོག་དུད+རྟེན་གཞིའི”ཐོན་ལས་འབྲེལ་ཐག་ཅིག་ཆགས་པ་དང་། བོད་ལུག་ནག་པོའི་སྤུས་རྟགས་ཅན་གྱི་ལས་སྣོན་གཏིང་ཟབ་བྱས་པ་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། ད་དུང་འབྲོག་པའི་ཡོང་འབབ་འཕར་བར་ཐབས་ལམ་དེ་བས་མང་པོ་མཁོ་འདོན་བྱས་ཡོད་པ་རེད།
         མང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་དབྱང་ཀྲེང་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མང་རྫོང་གི་བོད་ལུག་ནག་པོར་2014ལོར་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་ཧྥང་ཡོན་མཚོན་རྟགས་དཔང་བདེན་ར་སྤྲོད་ཚོགས་པའི་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་བདེན་ར་སྤྲོད་བྱུང་བ་དང་། 2015ལོར“མང་རྫོང་བོད་ལུག་ནག་པོའི”ས་ཁམས་མཚོན་རྟགས་ར་སྤྲོད་ཚོང་རྟགས་གྲུབ་འབྲས་ཐོབ་པའི་ངང་ཐོ་འགོད་ཐུབ་པ། 2017ལོར་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་ཞིབ་བཤེར་བྱུང་ནས་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་སུ་གྱུར་པ་རེད།
         “དཔང་བདེན་ར་སྤྲོད་གསུམ་བྱས་མཐར་མང་རྫོང་གི་ཁྱད་ལྡན་འབྲོག་ལས་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་འདོན་ཆོག་པའི་ཐོབ་ཐང་རག་པ་དང་། དེས་བོད་ལུག་ནག་པོའི་ཐོན་རྫས་རབ་དང་རིམ་པའི་མིང་གྲགས་ཆེ་རུ་གཏོང་རྒྱུ་དང་། འབྲོག་ལས་ཀྱི་སྤུས་ཀ་ལེགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་པར་ཐོན་འཕར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ལ་ནུས་པ་ཆེན་པོ་མཁོ་འདོན་བྱས་ཡོད”མ་འོངས་པར་བོད་ལུག་ནག་པོའི་ཐོན་ལས་འབྲེལ་ཐག་མུ་མཐུད་རིང་དུ་བཏང་ནས་བོད་ལུག་ནག་པོ་ཐོན་ལས་ཅན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་དབྱང་ཀྲེང་ཧའེ་ཡིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།