འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དགུན་གྲོའི་རྒྱ་ཁྱོན་མུའུ་དུང་ཕྱུར་3.3ཡན་དུ་གཏན་པོ་ཡོང་བ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོའི་སྟོན་འདེབས་དང་དགུན་འདེབས་ཀྱི་ཐོན་སྐྱེད་དམིགས་ཚད་གཙོ་བོ་ནི“གཏན་པོ་གཅིག་དང་མཐོར་གཏོང་གསུམ”སྟེ། དགུན་གྲོའི་རྒྱ་ཁྱོན་མུའུ་དུང་ཕྱུར་3.3ཡན་དང་དགུན་འདེབས་པད་ཁའི་རྒྱ་ཁྱོན་མུའུ་དུང་ཕྱུར་1བར་གཏན་པོ་ཡོང་བ་བྱེད་པ་དང་། ཐོན་ཁུངས་བེད་སྤྱོད་ཆུ་ཚད་དང་། ཚན་རྩལ་ཞབས་ཞུའི་ཆུ་ཚད། མཁོ་སྤྲོད་སྤུས་ཚད་དང་ལས་ཕྱོད་བཅས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
            མིག་སྔར་རྒྱལ་ཡོངས་ཀྱི་སྟོན་འབྲུ་སྐྱེ་ཚུལ་ཅུང་ཡག་པ་དང་། ས་རྒྱུའི་བཞའ་ཚན་ཡོངས་ཁྱབ་ངང་ཅུང་ཡག་པ། ལག་རྩལ་དཔེ་དབྱིབས་བྱང་ཆུབ་པ་བཅས་ཡོད་པས་ལོ་ལེགས་ཡོང་རྒྱུ་ཡིན་ཞིང་། འདི་ལོའི་སྟོན་འདེབས་དང་དགུན་འདེབས་ཀྱི་ཐོན་སྐྱེད་ལས་འགན་ལྕི་པོ་ཡོད་པས་ཞིང་ལས་ཐོན་སྐྱེད་ཐད་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་བོན་འདེབས་པའི་སྤུས་ཚད་མཐོ་རུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱེད་པ་དང་འབྲེལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཐད་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡེ་ཀྲེན་ཆིན་གྱིས་སྟོན་འདེབས་དང་དགུན་འདེབས་ཐོན་སྐྱེད་དེ་ཕྱི་ལོའི་འབྲུ་རིགས་ཐོན་སྐྱེད་བྱེད་འགོ་འཛུགས་པ་དང་འབྲེལ་བ་ཡོད་པས། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ཏེ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་སྟོན་འདེབས་དང་དགུན་འདེབས་ཐོན་སྐྱེད་ལས་འགན་ལེགས་སྒྲུབ་བྱས་ནས་ཕྱི་ལོའི་དབྱར་དུས་འབྲུ་སྣུམ་ཐོན་འབོར་ཡག་པོ་ཡོང་བའི་རང་འགུལ་དབང་ཆ་ཐོབ་པ་བྱེད་དགོས། མིག་སྔར་རྒྱལ་ཁབ་ཀྱིས་མ་རྨོས་ལོ་ཏོག་དང་སྲན་ཆེན་གསོག་ཉར་ཐད“སྤྱི་ཚོགས་ཅན་གྱི་ཉོ་སྒྲུབ་དང་ཁ་གསབ་སྤྲོད་རྒྱུ་ཟུང་དུ་འབྲེལ་བའི”ལམ་སྲོལ་གསར་པ་ལག་ལེན་བསྟར་བ་དང་གྲོ་ཉོ་སྒྲུབ་ཐད་གོང་ཚད་དམའ་ཤོས་ཀྱི་སྲིད་ཇུས་མཐའ་འཁྱོངས་བྱས་ཡོད། ཞིང་ལས་པུས“སྟོན་གསུམ”ཐོན་སྐྱེད་དང་སྟོན་འབྲུའི་དུས་མཇུག་གི་ཞིང་ནང་གཡོག་བྱེད་དང་། དགུན་དུས་ཀྱི་ཞིང་ལས་གསར་སྤེལ། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད། ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པའི་ལམ་ལུགས་ཚོད་ལྟ་བཅས་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།