འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྲིད་ཇུས་གསར་པ་བཏོན་ནས་དཀའ་ངལ་ཡོད་པའི་བྱིས་པར་འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་24ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་《དཀའ་ངལ་ཡོད་པའི་བྱིས་པའི་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཏོན་ནས་ཉིན་དེ་ནས་བཟུང་། མཚོ་སྔོན་གྱིས་དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བ་དང་། སྨན་བཅོས། སློབ་གསོ་སོགས་ལ་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
          བསམ་འཆར་དེའི་ནང་དཀའ་ངལ་ཡོད་པའི་བྱིས་པའི་ནང་ཁྱིམ་ཚང་དབུལ་པོ་ཡིན་པའི་དབང་གིས་འཚོ་བ་དང་། སྨན་བཅོས། སློབ་གྲྭར་སྐྱོད་པ་སོགས་ལ་དཀའ་ངལ་ཡོད་པའི་བྱིས་པ་དང་། དབང་པོ་སྐྱོན་ཅན་ཡིན་པའི་དབང་གིས་བདེ་ཐང་སླར་གསོ་དང་། ལྟ་སྐྱོང་། བདག་སྐྱོང་བཅས་དང་སྤྱི་ཚོགས་ནང་ཞུགས་པ་སོགས་ལ་དཀའ་ངལ་ཡོད་པའི་བྱིས་པ་དང་དེ་བཞིན་ཁྱིམ་ཚང་གི་ལྟ་སྐྱོང་མི་འདང་བའམ་ཡང་ན་ལྟ་སྐྱོང་ཡག་པོ་མི་ཐུབ་པའི་དབང་གིས་མནར་གཅོད་ཕོག་པ་དང་། དབྱུགས་པ། བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པ། ཁྲིམས་འགལ་ངང་གནོད་འཚེ་ཕོག་པ་སོགས་ལས་མི་ལུས་བདེ་འཇགས་ལ་ཉེན་ཁ་ཕོག་པའམ་ཡང་ན་གནོད་འཚེ་ཕོག་པའི་བྱིས་པ་བཅས་ཚུད་པ་ཁ་གསལ་བཏོན་ཡོད།
         བསམ་འཆར་དེ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནད་ཆེན་ཕོག་པ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་ཡིན་པའི་བྱིས་པའི་སྨན་བཅོས་རོགས་སྐྱོབ་ཀྱི་འགྲོ་སོང་རྩིས་ཞུའི་བསྡུར་གྲངས་དེ་སྔའི་རོགས་སྐྱོབ་ཚད་གཞིའི་རྨང་གཞིའི་ཐོག་10%མཐོ་རུ་བཏང་ནས་མཐོ་ཤོས་སྒོར་ཁྲི་6བར་སྤར་བ་རེད། དཀའ་ངལ་ཆེན་པོ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ཁྱབ་ཁོངས་ནང་བཅུག་པའི་བྱིས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་འཇལ་ཆ་ཤས་ཚང་མར་རོགས་སྐྱོབ་ཐོབ་རྒྱུ་རེད། དེ་དང་ཆབས་ཅིག ཞིང་ཆེན་དེའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་དང་དབང་པོ་སྐྱོན་ཅན་སློབ་མར་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལོངས་སྤྱོད་བྱེད་ཆོག་པའི་ནང་སློབ་ཞུགས་གོང་དང་། སློབ་ཆུང་། སློབ་འབྲིང་བཅས་ཀྱི་སློབ་གསོ་ཚུད་ཡོད།
          གཞི་རྩའི་འཚོ་བ་འགན་ལེན་ཐད། བསམ་འཆར་དེས་གནས་ཚུལ་མི་འདྲ་བའི་དཀའ་ངལ་ཡོད་པའི་བྱིས་པར་དམིགས་ནས་གཏན་འབེབས་གསལ་པོ་བྱས་པ་དཔེར་ན། མཚོ་སྔོན་གྱི་ངལ་རྩོལ་ནུས་ཤུགས་མེད་པ་དང་། འཚོ་བའི་ཡོང་ཁུངས་མེད་པ། ཁྲིམས་གཏན་འཁེལ་བའི་འཚོ་སྐྱོང་བྱེད་མཁན་ལ་འཚོ་སྐྱོང་བྱེད་པའི་ནུས་པ་མེད་པ་བཅས་ཀྱི་ལོ་16ལ་སླེབས་མེད་པའི་བྱིས་པ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ཁྱབ་ཁོངས་ནང་འཇུག་ཆོག་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་དང་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་ནང་འཇུག་མི་ཐུབ་པའི་དཀའ་ངལ་ཡོད་པའི་བྱིས་པ་གཞན་དག་ལ་གཞི་རྩའི་འཚོ་བའི་ཁ་གསབ་རོགས་སྐྱོར་ལོངས་སྤྱོད་བྱེད་ཆོག་པ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།