འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་ཐང་གའི་སྒྱུ་རྩལ་འགྲེམས་
    སྟོན་པེ་ཅིང་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་པེ་ཅིང་མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་ཆེད་དོན་སྤྱི་ཕན་འདུ་འགོད”ཀྱི“ཐང་གའི་རྣམ་གྲངས་གཏན་འཁེལ་དང་རོགས་སྐྱོར་མཛད་སྒོ”དང“རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན”གྱི་འགོ་ཚུགས་མཛད་སྒོ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པེ་ཅིང་མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་མཚན་འཛིན་ལས་འཛིན་དཔོན་ལིའུ་ཞའོ་ཧྥེང་དང་དེ་བཞིན་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་ཐང་གའི་ལག་ཤེས་སྒྱུ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སོགས་མི་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
         པེ་ཅིང་མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་2016ལོར་རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་འདུ་ཤེས་བཏོན་པ་དང་རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་བར་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་དང་དོ་ཁུར་རྒྱ་ཁྱབ་ཏུ་ཐོབ་ཅིང་། “རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་ཆེད་དོན་སྤྱི་ཕན་འདུ་འགོད”ཕྱོགས་ཡོངས་ནས་བདེ་བླག་ངང་ལག་ལེན་བསྟར་འགོ་ཚུགས་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་ཆེད། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་ཐང་གའི་རྒྱུན་འཛིན་པ་ཆིག་སྟོང་ཙམ་གྱི་ནང་ནས་རི་མོའི་དགེ་རྒན་100ཡི་བརྩམས་ཆོས་120ལེགས་འདེམས་བྱས་ཏེ་གཅིག་སྡུད་འགྲེམས་སྟོན་བྱས་པའི་ནང་དགེ་འདུན་དར་རྒྱས་སོགས་དགེ་རྒན་ཆེ་མོ་བ་བཅུ“རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོ”ལ་གཏན་འཁེལ་བྱས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་ལས་སྤྱི་ཚོགས་ལས་རིགས་ཁག་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པ་གང་ལེགས་མཚོན་གྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཐང་གའི་སྒྱུ་རྩལ་ལས་བོད་མི་རིགས་རང་ཉིད་ཀྱི་རི་མོ་འབྲི་རྩལ་མཚོན་པ་མ་ཟད། མི་རིགས་གཞན་གྱི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་མཚོན་གྱི་ཡོད། ཐང་གའི་སྒྱུ་རྩལ་ནི་མི་རིགས་མང་པོའི་རིག་གནས་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་བཟུང་བ་ལས་བྱུང་བའི་རི་མོའི་སྒྱུ་རྩལ་གྱི་གྲུབ་འབྲས་ཤིག་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཐང་ག་འབྲི་བའི་བརྒྱུད་རིམ་རྙོག་དྲ་ཆེ་ཞིང་། དེའི་ནང་རི་མོ་འབྲི་བའི་རས་བསེ་འཚེམ་བཟོ་དང་། སྐྱ་བྲིས། ཚོན་གཏོང་། སྤྱན་ཕྱེ་སོགས་བཟོ་རྩལ་གྱི་བརྒྱུད་རིམ་མང་པོ་ཚུད་ཡོད། རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོ་ནི་སྤྱོད་ཡོན་གཉིས་ལྡན་གྱི་སྒྱུ་རྩལ་པ་ཞིག་ཡིན་ཞིང་། དུས་རབས་ཀྱི་འགན་ཁྲི་ལྕི་པོ་ཕྲག་ཏུ་འཁུར་བའི་ཁོང་ཚོས་དེང་དུས་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད“རྒྱུད་གཅིག་ལམ་གཅིག”ལ་རིག་གནས་ཀྱི་སྟོབས་ཤུགས་བྱིན་ནས་འཛམ་གླིང་ལ་ཀྲུང་གོའི་ལག་རྟགས་དམིགས་བསལ་ཞིག་འབུལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།