འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གཅེན་གཅུང་དཔུང་པ་མཉམ་གཤིབ་ཀྱིས་ཕུགས་འདུན་དོན་གཉེར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། སྤོ་ལོ་ཐང་དུ་ལྷ་ས་ས་གཙང་རུ་ཁག་གི་ཕོ་གསར་ཚོས་ངལ་བར་མ་འཛེམས་པར་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་མཆིས། ཁོང་ཚོས་མཉམ་སྡེབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁ་གཏད་རུ་ཁག་དང་འགྲན་བསྡུར་འཁྲུག་པོ་བྱས། སྔ་ནས་བཟུང་རུ་ཁག་གཅིག་ཏུ་གཅེན་གཅུང་མཉམ་དུ་སྤོ་ལོ་རྒྱག་པར་མི་རྣམས་ཀྱི་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། འདི་ལོའི་CAAUརྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ལས་ཞོར་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན་གྱི་རྒྱལ་ཡོངས་ཀྱི་མཐའ་བསྡུར་འགྲན་རར་མཉམ་དུ་སྤོ་ལོ་རྒྱག་པའི་གཅེན་གཅུང་གཉིས་ཡོད།
         རྒྱ་མཚོ་དང་མགོན་པོ་བཀྲ་ཤིས་ནི་གཅེན་གཅུང་ཡིན་པ་དང་མི་རིང་གོང་ཁོང་གཉིས་པོ་ལྷ་ས་ས་གཙང་རུ་ཁག་དང་མཉམ་དུ་པེ་ཅིང་དུ་འགྲན་བསྡུར་བྱེད་པར་སླེབས། མཐའ་བསྡུར་ལ་ཁ་གཏད་རུ་ཁག་སྤོ་ལོ་མཁས་པའི་ཁར་ས་བབ་དམའ་པོར་གཟུགས་པོ་འཕྲོད་པོ་མེད་མོད། འོན་ཀྱང་ཁོང་ཚོས་སྔར་བཞིན་ནུས་ཤུགས་ཡོད་རྒུ་བཏོན་ནས་སྤོ་ལོའི་རུ་ཁག་གི་གྲུབ་འབྲས་ཡག་ཤོས་བརྩོན་ལེན་བྱས།
         འདི་ལོ་ལོ་བཅུ་དགུར་སླེབས་པའི་རྒྱ་མཚོ་ནི་ལྷ་ས་ས་གཙང་རུ་ཁག་གི་རུ་དཔོན་ཡིན་པ་དང་ལན་ཆིའུ་སྤོ་ལོ་ཐང་དུ་རྒྱབ་སྲུང་བ་ཞིག་རེད། “ཁ་གཏད་རུ་ཁག་སྤོ་ལོ་མཁས་པོ་ཡོད་པས་ང་ཚོས་མགྱོགས་མྱུར་ཕར་རྒོལ་དང་མི་ཚང་མས་འགོག་སྲུང་བྱེད་པའི་འཐབ་རྩལ་སྤྱད་པ་ཡིན”ཞེས་ཁོང་གིས་བཤད།
         འགྲན་བསྡུར་དུས་མཚམས་བཞི་པར་རྩལ་ཁྲིད་པས་མགོན་པོ་བཀྲ་ཤིས་བཏང་བ་དང་སྦྲགས་གཅེན་གཅུང་གཉིས་ཡང་བསྐྱར་མཉམ་དུ་སྤོ་ལོ་རྒྱག་འགོ་ཚུགས། མགོན་པོ་བཀྲ་ཤིས་འདི་ལོ་ལོ་བཅུ་བཞི་ལ་སླེབས་པ་དང་འགྲན་བསྡུར་དེ་ཁོང་གི་ངོས་ནས་བརྗོད་ན་ཉམས་ལེན་གསར་པ་ཞིག་རེད། “ང་པེ་ཅིང་དུ་འགྲོ་ཐེངས་གཉིས་པ་ཡིན། འོན་ཀྱང་CAAUའགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན། ཤན་འབྱེད་པ་ཆེད་ལས་ཤིག་ཡིན་པས་སྤོ་ལོ་རྒྱག་མཁན་ཚོས་རང་ཉིད་ཀྱི་རྩལ་གང་ལེགས་ངོམས་ཐུབ། ང་དང་གཅེན་པོ་མཉམ་དུ་འགྲན་རར་སྤོ་ལོ་རྒྱག་པ་ནི་རྨི་ལམ་མངོན་སུམ་དུ་གྱུར་པ་ལྟ་བུ་རེད”ཅེས་ཁོང་གིས་བཤད།
         ཕུགས་འདུན་མངོན་འགྱུར་བྱེད་པའི་འགྲོ་ལམ་དུ་གཅེན་གཅུང་གཉིས་པོས་འབད་བརྩོན་ཆེན་པོ་བྱས་ཤིང་། ད་ཐེངས་CAAUརྒྱལ་ཡོངས་ཀྱི་མཐའ་བསྡུར་འགྲན་རར་གཅེན་གཅུང་གཉིས་པོས་རུ་མི་ཚོ་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཨང་བཞི་པ་བླངས་ཏེ་སྤོ་ལོའི་རུ་ཁག་གི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།
         “གཅེན་པོ་དང་ང་ཆུང་དུས་ནས་མཉམ་དུ་སྤོ་ལོ་རྒྱག་གི་ཡོད། ད་ཆ་མཉམ་དུ་CAAUརྒྱལ་ཡོངས་ཀྱི་མཐའ་བསྡུར་འགྲན་རར་སྤོ་ལོ་རྒྱག་རྒྱུ་བྱུང་བས་ཧ་ཅང་དགའ་པོ་འདུག སླད་ཕྱིན་ཆེད་ལས་སྤོ་ལོ་རྒྱག་མཁན་ཞིག་བྱས་ཏེ་ཕ་ཡུལ་གྱི་ཚབ་བྱས་ནས་སྤོ་ལོ་རྒྱག་པ་དང་ཕ་ཡུལ་དུ་ལན་ཆིའུ་སྤོ་ལོ་འཕེལ་རྒྱས་གཏོང་རྒྱུ་ནི་ངའི་ཕུགས་འདུན་ཡིན”ཞེས་མགོན་པོ་བཀྲ་ཤིས་ཀྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།