འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 07:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།
            ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤིང་རྩ་བསྟན་འཛིན་ཆོས་གྲགས་དང་། སྐལ་བཟང་ཚེ་རིང་། ཀའོ་དབྱང་། ས་ལུང་ཕུན་ལཌ་བཅས་ལྷན་དུ་མཇལ་འཛོམས་གནང་བར་ཕེབས་པ་རེད། 
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་གནང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་མཐོང་ཆེན། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དང་སློབ་དཔོན་གྱི་བློ་རྩེ་གཅིག་སྒྲིམ་གྱི་མཛུབ་ཁྲིད་བཅས་ཀྱི་འོག་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དཀའ་སྤྱད་འབད་འཐབ་གནང་བས་ནང་བསྟན་གྱི་སྐུ་ཡོན་ཉིན་བཞིན་ཆེ་རུ་སོང་བ་དང་། ཆབ་སྲིད་ཐད་ཀྱི་ལངས་ཕྱོགས་བརྟན་དུ་སོང་བ། རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་སོང་སྟབས་དད་ལྡན་མང་ཚོགས་ཁྲོད་སྙན་གྲགས་དང་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་ཕྱིན་ཡོད། བོད་དུ་ཕེབས་ནས་ཟླ་བ་གཅིག་སོང་རིང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་འགྲུལ་བཞུད་ཀྱི་དཀའ་ངལ་ལ་མ་འཛེམ་པར་ལྷ་ས་དང་། གཞིས་རྩེ། ཆབ་མདོ་སོགས་གྲོང་ཁྱེར་(ས་ཁུལ)དུ་སྔ་རྗེས་སུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྤེལ་གནང་སྟེ་ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་གནང་བ། དད་ལྡན་སེར་སྐྱ་མང་ཚོགས་ཚོར་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། བརྟན་ལྷིང་ལ་སྐུལ་འདེད། ཞི་མཐུན་ལ་སྐུལ་འདེད་བཅས་གཏོང་དགོས་པའི་བཀའ་སློབ་གནང་བ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོའི་ཉམས་འགྱུར་ལེགས་པར་མངོན་གནང་བས་མི་རིགས་ཁག་གི་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅེས་གསུངས། 
           ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་རགས་ཙམ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པ། དེ་བཞིན་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་ཨང་དང་པོ་གསུམ་ལ་དམ་འཛིན་ནན་པོ། ཏང་འཛུགས་སྐྱོང་གི་ཤུགས་སྣོན་ལ་འགན་ལེན། དབུལ་སྒྲོལ་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོར་དམ་འཛིན་ནན་པོ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བཅས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་ཡོང་བར་བྱེད་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྟོབས་ཤུགས་ཆེར་སྐྱེད་ཀྱིས་ལས་དོན་ཁག་གི་རྣམ་པ་གསར་པ་ཞིག་བཏོད་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་ཉེ་འགྲམ་གྱི་འགྱུར་ལྡོག་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་མེད་པའི་ལེགས་ཆ་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་ནས་ང་ཚོས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ནུས་ཤུགས་ཡོད་རྒུས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷག་དོན་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་བ། སྔར་བས་ཡིད་ཆེས་བརྟན་དུ་གཏོང་བ། དམིགས་གཏན་འཁེལ་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། དམིགས་ཡུལ་མ་གྲུབ་བར་མཚམས་མི་འཇོག་པའི་ཆོད་སེམས་དང་བློ་སྟོབས་ལ་བརྟེན་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་དབུལ་པོར་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་ཡོང་རྒྱུ་མ་ཟད། 2020ལོར་སླེབས་སྐབས་དུས་བཀག་བཞིན་དབུལ་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་ཡང་བྱ་རྒྱུ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་ཐེངས་གཉིས་པ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ཁག་ལ་གཞོགས་འདེགས་ཀྱིས་ཡག་པོ་སྒྲུབ་པ་དང་། “ཤིང་སྡོང་མེད་པའི་དུད་ཚང”མེད་པར་བཟོ་བའི་བྱ་སྤྱོད་སྤེལ་བ། འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་དང་། མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་སྐྲུན་པ། མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ཁམས་བདེ་བཅས་ཡོང་ཆེད་ལེགས་སྐྱེས་ཕུལ་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས། 
             ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་བསྟན་དོན་འཆད་འགྲེལ་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ཁྲོད་ཀྱི་དགེ་སྤེལ་སྐྱོན་སྤོང་དང་། འདྲ་མཉམ་ཁོང་ཡངས། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ། དད་ལྡན་མང་ཚོགས་ཀྱི་བློ་རིག་དང་སྟོབས་ཤུགས་ཐོན་སྐྱེད་འཕེལ་རྒྱས་དང་། དཀའ་སྤྱད་ཕྱུག་འགྱུར། འཚོ་བ་ལེགས་གཏོང་སོགས་ལ་སྤྱོད་པར་ཁྲིད་སྟོན། ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བ་བཅས་གནང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་མུ་མཐུད་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས། ཁོང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་སེམས་ལ་མེས་རྒྱལ་འཆང་བ་དང་། སེམས་ལ་མི་དམངས་འཆང་བ། མཐའ་གཅིག་ཏུ་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས། 
             པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་བཞུགས་རིང་གི་མྱོང་ཚོར་ཟབ་མོ་ལྷུག་གླེང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བསྲུང་བྱའི་གདམས་ངག་ཏུ་བྱེད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མིག་དཔེར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ། རང་ཉིད་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཚོར་ལས་སླ་པོར་ཐོབ་པ་མ་ཡིན་པའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་སྲུང་སྡོམ་སྲུང་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་འབུལ་དགོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།  བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།
      

    ཕྱོགས་བསྡུས་གསར་འགྱུར།