འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་བཟོ་ཚོང་ལས་འཛིན་ལྷན་ཚོགས་
    ཀྱི་གླེང་མོལ་ཚོགས་འདུར་ཕེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་གླེང་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། པར་ཙིར་གྱི་ཙུང་ལི་ཐེ་མེར་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏེ། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་བཅས་ལྷན་དུ་ཕེབས་པ་རེད།
             བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པའི་འཐུས་མིའི་སྒྲིག་གཞི་གཉིས་ཀྱི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་རྗེས་ཞི་ཅིན་ཕིང་གིས་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པའི་ལས་དོན་ཐད་གྲུབ་འབྲས་གལ་ཆེན་ཐོབ་པར་ང་ཧ་ཅང་དགའ་པོ་བྱུང་། བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱིས་གློག་རྡུལ་ཚོང་དོན་དང་།
             རྩལ་ནུས་འཕེལ་རྒྱས། ཚད་གཞི་བཟོ་བ། གྲངས་གཞིའི་དཔལ་འབྱོར་གྱི་ཉམས་མྱོང་མཉམ་སྤྱོད་སོགས་ཁྱབ་ཁོངས་ཐད་ལས་དོན་འབོར་ཆེན་བསྒྲུབས་པ་དང་གྲུབ་འབྲས་ཡག་པོ་ཐོབ་ཡོད། གསར་སྤེལ་དངུལ་ཁང་གསར་པས་རྣམ་གྲངས་གསར་པ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ་དང་ཨ་ཧྥེ་རི་ཁའི་ས་ཁོངས་ལྟེ་གནས་ཉེ་དུས་ལས་གཉེར་བྱེད་འགོ་ཚུགས་པ་དང་སྤྱི་ཁྱབ་བཀོད་འདོམས་ཐོག་བརྩེགས་ཁང་ཆེན་གྱི་རྩིག་རྨང་བཏིང་ཟིན་ནས་ལས་སྒོ་འཁོར་རྒྱུག་དང་ལམ་སྲོལ་འཛུགས་སྐྱོང་ཐད་གོམ་སྟབས་གསར་པ་ཟམ་མི་ཆད་པར་སྤོས་ཡོད། མིག་སྔར་འབོ་གསེར་རྒྱལ་ཁབ་ཀྱིས་དངོས་སྒྲུབ་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པས་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ཆེ་རུ་སོང་ཡོད། བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པར་གྲུབ་འབྲས་དེ་དག་ཐོབ་པ་ལས་འབོ་གསེར་མཉམ་ལས་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མངོན་ཡོད། སྒྲིག་གཞི་གཉིས་པོའི་ལས་དོན་ལ་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
             ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཞལ་འཛོམས་ཁྲོད“གསེར་མདོག་ཅན་གྱི་ལོ་བཅུ”རྗེས་མ་གཏོད་ནས་འབོ་གསེར་མཉམ་ལས་མཐོ་ཚད་གསར་པའི་ཐོག་སླེབས་པ་བྱ་རྒྱུའི་ཐད་གཅིག་གྱུར་ཐོག་མོས་མཐུན་གནང་ཡོད། བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པས་གོ་སྐབས་དམ་འཛིན་བྱས་ཏེ་འབད་འཐབ་ཆེན་པོས་བྱས་རྗེས་བཞག་ནས་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་ཐུབ་རེ་ཡོད་ཅེས་ནན་བཤད་གནང་བ་རེད།
             གླེང་མོལ་ཚོགས་འདུ་གྲོལ་རྗེས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོས་《འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བྱ་སྤྱོད་རྩ་འཛིན་》དང་། 《འབོ་གསེར་རྒྱལ་ཁབ་ཀྱི་གསར་གཏོད་མཉམ་ལས་ཀྱི་བྱ་སྤྱོད་འཆར་གཞི་》 《འབོ་གསེར་རྒྱལ་ཁབ་ཀྱི་འགག་སྒོའི་མཉམ་ལས་ཀྱི་འཐབ་ཇུས་སྒྲོམ་གཞི་》 《འཐབ་ཇུས་མཉམ་ལས་བྱ་རྒྱུའི་སྐོར་གྱི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་གསར་སྤེལ་དངུལ་ཁང་གསར་པའི་བསམ་ཤེས་དྲན་ཐོ་》བཅས་མཉམ་ལས་ཡིག་ཆ་4ལ་མིང་རྟགས་བཀོད་པའི་བདེན་དཔང་གནང་བ་རེད།
             འབོ་གསེར་རྒྱལ་ཁབ་བཟོ་ཚོང་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དང་། བཟོ་ཚོང་ལས་རིགས་ཀྱི་འཐུས་མི། གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་སོགས་མི་300ཙམ་གླེང་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
             དེ་ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་རིག་གནས་དུས་ཆེན་གྱི་འགོ་འཛུགས་མཛད་སྒོ་དང་རིག་གནས་པར་རིས་འགྲེམས་སྟོན་དུ་མཉམ་དུ་ཕེབས་ཤིང་། ཞི་ཅིན་ཕིང་དང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གཞན་དག་ཚོས་རྒྱལ་ཁབ་ཁག་གི་ཐམ་ཀའི་ཐོག་མཐེབ་མོ་མནན་པ་དང་ཆབས་ཅིག་མདུན་ཕྱོགས་ཀྱི་བརྙན་ཡོལ་ཐོག་འབོ་གསེར་རྒྱལ་ཁབ་ཁག་གི་རྒྱ་ཡིག་གི་རྒྱལ་ཁབ་མིང་རྐོ་འབྲི་བྱས་པ་མངོན་ནས་རིག་གནས་དུས་ཆེན་གྱི་འགོ་འཛུགས་མཛད་སྒོ་འགོ་ཚུགས། དེ་རྗེས་རྒྱལ་ཁབ་ལྔ་པོའི་འགོ་ཁྲིད་མི་སྣས་འབོ་གསེར་རྒྱལ་ཁབ་ཀྱི་རིག་གནས་པར་རིས་འགྲེམས་སྟོན་ནང་ལྷན་དུ་ཞུགས་པ་དང་འབྲེལ་འབོ་གསེར་རྒྱལ་ཁབ་ཁག་གིས་མཉམ་དུ་པར་བླངས་པའི་གློག་བརྙན་《དུས་ཀྱི་ཆུ་མོ་གང་དུ་བཞུར་》ཞེས་པའི་བརྙན་དུམ་གཟིགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།