འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ལོ་མཇུག་གོང་གྲོང་ཚོ་(གྲོང་མི་)ཡོངས་ལ་བཅའ་ཁྲིམས་བློ་འདྲི་བ་གཞི་
    རྩའི་ཆ་ནས་ཁྱབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། ཁྲིམས་འཛིན་པུས་《སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་སྟེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད།
         《བསམ་འཆར་》ནང་། རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་དམིགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་དོན་དངོས་ཀྱི་དགོས་མཁོར་དམ་པོར་གཞིགས་པ། “བཅའ་ཁྲིམས་ལས་དོན་བློ་འདྲི་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དབང་ཆ་སྲུང་སྐྱོང་། བཅའ་ཁྲིམས་ཞབས་ཞུ་མཛུབ་ཁྲིད་དང་མཁོ་འདོན”བཅས་ཀྱི་ལས་སྟེགས་འཛུགས་སྐྱོང་ནུས་པའི་གནས་བབ་ལ་བརྟེན་པ། སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་སྒྲིག་གཞི་དང་། ཐད་སྦྲེལ་ཁ་པར། དྲ་རྒྱ་བཅས་ལས་སྟེགས་ཆེན་པོ་གསུམ་གཏོད་པ་བཅས་བྱས་ཏེ་2018ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་གྲོང་ཚོར(གྲོང་མི)བཅའ་ཁྲིམས་བློ་འདྲི་བ་གཞི་རྩའི་ཆ་ནས་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་། 2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། ནུས་པ་འཐུས་སྒོ་ཚང་བ། སྟབས་བདེ་ལ་མྱུར་བ་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་རྒྱའི་མ་ལག་ཅིག་སྤྱིའི་ཆ་ནས་གྲུབ་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཚད་ལྡན་དང་། གནད་སྨིན་ཅན། སྟབས་བདེ་ཅན་བཅས་ཡོང་བར་བྱས་ནས་མི་དམངས་མང་ཚོགས་ལ་ཀུན་ཕན་རང་བཞིན་དང་། སྤྱི་ཕན་རང་བཞིན། གདམ་ག་ཆོག་པ་བཅས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་ཧུར་ཐག་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་། སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་སྒྲིག་གཞི་དང་། ཐད་སྦྲེལ་ཁ་པར། དྲ་རྒྱ་བཅས་ལས་སྟེགས་ཆེན་པོ་གསུམ་གཏོད་རྒྱུར་ཞིབ་ཕྲའི་གཏན་འབེབས་བྱས་ཡོད་ཅིང་། སྒྲིག་གཞིའི་ལས་སྟེགས་སྐྲུན་རིང་། རྫོང་(གྲོང་ཁྱེར་དང་ཆུས་)དང་ཤང་གྲོང་(ཁྲོམ་གཞུང་)གཙོ་གནད་དུ་བྱས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་ལྟེ་གནས་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ས་ཚིགས་སོ་སོར་འཛུགས་དགོས། ས་ཁུལ་(གྲོང་ཁྱེར་)གྱི་རིམ་པ་དང་པོའི་སྒྲིག་གཞིའི་ལས་སྟེགས་སྐྲུན་པའི་ཐད་གཅིག་གྱུར་གྱི་བླང་བྱ་འདོན་རྒྱུ་མིན་པ་དང་། གྲོང་ཚོ་(གྲོང་མི་)རིམ་པ་དང་པོར་གྲོང་ཚོ་(གྲོང་མི་)རེར་བཅའ་ཁྲིམས་བློ་འདྲི་བ་རེ་ཡོད་པར་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད། ཐད་སྦྲེལ་ཁ་པར་ལས་སྟེགས་སྐྲུན་པའི་ཐད་ཐད་སྦྲེལ་ཁ་པར་ལས་སྟེགས་ཀྱི་ཕྱི་ཕྱོགས་ཞབས་ཞུའི་ནུས་པ་དང་རྒྱབ་ཕྱོགས་དོ་དམ་ནུས་པ་ཁ་གསལ་བཏོན་ཡོད། དྲ་རྒྱའི་ལས་སྟེགས་སྐྲུན་པའི་ཐད་དྲ་རྒྱའི་ལས་སྟེགས་ནི་པུའུ་དང་ཞིང་ཆེན་རིམ་གཉིས་ལས་སྟེགས་ལས་གྲུབ་པ་ཞིག་ཡིན་དགོས་པ་དང་། པུའུ་རིམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ་ལྟེ་བ་དང་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཁག་གི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བ་འདེགས་སྐྱོར་དུ་བྱས་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་ཚིགས་ཚོམ་བུ་ཆགས་པར་བྱས་ཏེ་མཐའ་སྣེ་མང་པོ་བརྒྱུད་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།