མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ཐུང་པ་ཡུས་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་དུ་ཀྲུང་གོར་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཕེབས་པའི་ཐེ་ལན་གྱི་ཙུང་ཐུང་པ་ཡུས་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་ཐེ་རྒྱལ་ཁབ་གཉིས་པོ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྤུན་མཆེད་ལྟར་བརྩེ་དུང་ཟབ་མོ་ཡོད། ཐེ་ལན་གྱི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཐེའི་མཛའ་མཐུན་ཟབ་པའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཐེ་ལན་གྱིས་རྒྱལ་ཁབ་དེ་གའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམ་ག་བྱས་པར་སྔར་རྒྱུན་བཞིན་བརྩི་འཇོག་བྱེད་པ་དང་སྦྲགས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་བཏོན་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་མ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་ལ་ལྟ་རྟོག་བྱེད་དགོས། ཐེ་ལན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཉམ་ལས་ནང་ཧུར་ཐག་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་ཐེ་ལན་ཕྱོགས་དང་མཉམ་དུ་《“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་བསམ་ཤེས་དྲན་ཐོ་》དང་འབྱུང་འགྱུར་ལོ་5ཡི་《འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་བྱ་སྤྱོད་འཆར་གཞི་》དོན་འཁྱོལ་ཡག་པོ་བྱས་ནས་མ་འཇོག་དང་། ལྕགས་ལམ་དང་དྲ་སྦྲེལ་དངུལ་རྩ། གྲངས་གཞིའི་དཔལ་འབྱོར། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མི་སྣ་འགྲོ་འོང་བྱ་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་དང་ས་གནས་ཀྱི་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་ཁྲིམས་འཛིན་བདེ་འཇགས་དང་ལྷག་པར་དུ་འཇིགས་རྒོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།