མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་དུ་ཀྲུང་གོར་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཕེབས་པའི་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱིས་དུས་བསྟུན་འཕེལ་རྒྱས་དང་སྐད་ཆ་ཤོད་རེས་གཏིང་ཟབ་བྱས་ནས་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དུས་བབ་གསར་པ་དང་བསྟུན་ནས་སོ་སོའི་ལེགས་ཆ་གཅིག་སྡུད་བྱས་ནས་ཀྲུང་གོ་དང་མོ་ཞི་ཁོར་ཁྱབ་པ་བྱེད་དགོས་པ་མ་ཟད། ས་ཁུལ་ལ་ཁྱབ་པའི་མཁོ་སྤྲོད་འབྲེལ་ཐག་འཛུགས་སྐྱོང་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོའི་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སྒྲོམ་གཞིའི་ནང་གི་མཉམ་ལས་ནང་གཏིང་ཟབ་ཞུགས་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དེ་ལ་ཏིང་མེ་གླིང་དུ་རང་བཞིན་རྒྱ་བསྐྱེད་བྱེད་པའི་མཚམས་ཚིགས་གལ་ཆེན་དུ་འགྱུར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་འཛུགས་སྐྲུན་ལ་ཁྲིད་སྟོན་དང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བའི་འཕེལ་རྒྱས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་བརྒྱུད་རིམ་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས་པ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་ཀྱིས་ཕྱོགས་མང་སྒྲིག་སྲོལ་གྱི་དབང་གྲགས་རང་བཞིན་དང་ནུས་ལྡན་རང་བཞིན་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།