འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་ཟིང་འཁྲུག་བྱུང་བའི་ས་ཁུལ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་གྱི་ཟིང་འཁྲུག་བྱུང་བའི་ས་ཁུལ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ།
          མི་དམངས་དྲ་བའི་འཕྲིན། "ཏི་ལི་གསར་པའི་བརྙན་འཕྲིན་ལས་ཁུངས"ཀྱི་དྲ་ཚིགས་ནས་ཟླ་8ཚེས་27ཉིན་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། རྒྱ་གར་ནུབ་བྱང་རྒྱུད་ཀྱི་ཧ་ལི་ཡ་ནཱ་མངའ་སྡེའི་ཆོས་ལུགས་རྩ་འཛུགས"འཛམ་གླིང་ཆོས་ལུགས་མཉམ་འདུས་ཚོགས་པ"(Dera Sacha Sauda)ཡི་འགོ་བ་སིན་ཀེ་ལ་བཙན་གཡེམ་གྱི་བྱས་ཉེས་གྲུབ་པའི་ཁྲིམས་གཅོད་བྱས་རྗེས་ཟིང་འཁྲུག་བྱུང་བ་ལས་མི་36ཤི་བ་རེད། མིག་སྔའི་བར་དུ་ད་དུང་རྗེས་འབྲང་པ་མི་ཁྲི་3ལྷག་རྩ་འཛུགས་དེ་ཉིད་ཀྱི་སྤྱི་ཁྱབ་ཁང་གནས་ས་ཞིར་སཱ་(Sirsa)ཉེ་འཁོར་དུ་འདུ་འཛོམས་བྱས་ཡོད་ཅིང་། ཟིང་འཁྲུག་བྱུང་བའི་ས་ཁུལ་གྱི་གནས་བབ་སྔར་བཞིན་ཛ་དྲག་རེད།
          ཤེས་རྟོགས་བྱུང་གསལ་དུ། མངའ་སྡེ་ཁག་ནས་ཡོང་བའི་རྗེས་འབྲང་པ་ཚོ"འཛམ་གླིང་ཆོས་ལུགས་མཉམ་འདུས་ཚོགས་པ"ཡི་སྤྱི་ཁྱབ་ཁང་ཉེ་འཁོར་དུ་སྒར་བརྒྱབ་ཞག་སྡོད་བྱས་ཤིང་། ཁོ་ཚོས་རྒྱ་གར་སྲིད་གཞུང་གིས་ས་གནས་དེ་ག་ནས་ཕྱིར་འཐེན་བྱ་དགོས་པའི་བླང་བྱ་བཏོན་པ་དང་ལེན་མ་བྱས་པ་རེད། ཟིང་འགོག་ཉེན་རྟོག་པ་དང་དམག་དཔུང་གིས་སྒར་ས་བསྐོར་ཡོད་པ་མ་ཟད། སྒྲིག་འཛུགས་བྱེད་མཁན་དང་འབྲེལ་བའང་ཧུར་ཐག་བྱེད་བཞིན་ཡོད་པ་རེད། རྒྱ་གར་བདེ་སྲུང་དཔུང་སྡེ་ཡིས"འཛམ་གླིང་ཆོས་ལུགས་མཉམ་འདུས་ཚོགས་པ"ཡི་ཧ་ལི་ཡ་ནཱ་མངའ་སྡེ་དང་ཕང་ཀྲེ་ཕུའུ་མངའ་སྡེར་ཡོད་པའི་སློབ་གྲྭ་130ལྷག་ལ་སྔོག་བཤེར་བྱས་པ་མ་ཟད་དེ་དག་གི་སྒོར་སྒོ་ཐེལ་ཡང་བརྒྱབ་པ་དང་། སྔོག་བཤེར་རྩིས་ལེན་བྱས་པའི་མེ་མདའ་མདེའུ་དང་། རླངས་སྣུམ་འབར་མདེལ་བཅས་དང་ད་དུང་མེ་མདའ་AK-47གཉིས་ཡོད་པ་སོགས་ཚང་མ་གཞུང་བཞེས་བཏང་བ་རེད།
           "འཛམ་གླིང་ཆོས་ལུགས་མཉམ་འདུས་ཚོགས་པ"ཡི་སྤྱི་ཁྱབ་ཁང་ཡོད་སའི་ཞིར་སཱ་དང་སིན་ཀེ་ལ་ཁྲིམས་ཆད་གཅོད་ས་ཕན་ཆེ་ཁུ་ལཱ་(Panqiekula)རུ། ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་གྱི་ཞོགས་པར་མཚན་འགྲུལ་བཀག་སྡོམ་ཆུ་ཚོད་ལྔ་ཙམ་ལྷོད་དུ་བཏང་ཡོད་ཀྱང་། ས་གནས་དེ་གའི་གནས་བབ་སྔར་བཞིན་ཛ་དྲག་ཡིན་ཞིང་། རྒྱ་གར་གྱི་ཉེན་རྟོག་པ་དང་རྗེས་གྲབས་དམག་དཔུང་། དམག་དཔུང་བཅས་ཀྱིས་ས་ཁུལ་དེ་གཉིས་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་ནན་མོ་བྱེད་བཞིན་ཡོད་པ་རེད། ཚེས་28ཉིན་སིན་ཀེ་ཧ་ལི་ཡ་ནཱ་མངའ་སྡེའི་རོ་ཐ་ཁེ་བཙོན་ཁང་ལ་སྐྱེལ་སྤྲོད་བྱ་རྒྱུ་ཡིན་པ་དང་། ད་ལྟ་རྒྱ་གར་གྱིས་ས་ཁུལ་དེར་རྗེས་གྲབས་དམག་དཔུང་བརྒྱ་ཤོག་28བཀོད་སྒྲིག་བྱས་ཡོད་ལ། སིན་ཀེ་ཡི་རྗེས་འབྲང་པ་ཚོ་ས་ཁུལ་དེར་འཛུལ་མི་ཆོག་པ་བཟོས་ཡོད་པ་རེད། བཙོན་ཁང་ནང་དུ་བདེ་སྲུང་ཉེན་ཟོན་ས་ཐིག་རིམ་པ་བདུན་བཀོད་སྒྲིག་བྱས་ཏེ་དྲག་ཤུགས་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས་པ་རེད།
          ཟླ་8ཚེས་25ཉིན། རྒྱ་གར་ཀྲུང་དབྱང་བརྟག་དཔྱད་ཅུས་ཀྱིས་སིན་ཀེ་ལ་དུས་བཙོན་ལོ་བདུན་གྱི་ཉེས་ཆད་བཅད་པ་དང་། དོན་འདིའི་རྐྱེན་ལས་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ཏུ་ཟིང་འཁྲུག་ལངས་པ་རེད། དབྱེ་ཞིབ་མི་སྣས་ཐེངས་འདིའི་ཁྲིམས་ཆད་ལས་ཟིང་འཁྲུག་ལངས་པའི་རྒྱུ་རྐྱེན་གཙོ་བོ་ནི་སེན་ཀེ་རང་ཉིད་དང་ཁོང་གནས་པའི་རྩ་འཛུགས་ཀྱིས་ངན་སྐུལ་བྱས་པའི་རྐྱེན་གྱིས་རེད། རྩ་འཛུགས་དེ་ཉིད་ཀྱིས་ཧ་ལི་ཡ་ནཱ་དང་ཕང་ཀྲེ་ཕུའུ་མངའ་སྡེ་གཉིས་སུ་བག་ཆགས་ཆེ་ཙམ་བཞག་ཡོད་པ་དང་། རྗེས་འབྲང་པ་མང་ཆེ་བ་ནི་རིགས་རྒྱུད་དམའ་བའི་མི་ཚོགས་རེད། ཕྱོགས་གཅིག་ནས་སིན་ཀེ་ཡིས་སྲིད་གཞུང་གིས་མཁོ་འདོན་བྱེད་མི་ཐུབ་པའི་སྤྱི་ཚོགས་ཞབས་ཞུ་མཁོ་འདོན་བྱས་པ་དང་སྤྱི་ཚོགས་ཀྱིས་ཡུན་རིང་ཕྱིར་འབུད་བྱས་པའི་རིགས་རྒྱུད་དམའ་བའི་མང་ཚོགས་དང་ལེན་བྱས་པས། ཁོའི་འགྲམ་དུ་རྗེས་འབྲང་པ་ཁྲི་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་སིན་ཀེ་ཡིས་རྒྱུ་ནོར་ཧམ་སྡུད་བྱས་པ་ཕུད། ད་དུང་དད་ལྡན་པ་འབོར་ཆེན་ལ་བརྟེན་ནས་ཆབ་སྲིད་སོགས་ཀྱི་ཐོན་ཁུངས་ཐོབ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། དེར་བརྟེན་ནས་རྒྱ་གར་གྱི་སྲིད་ཏང་ཁག་གི་བསླུ་འཐེན་འགྲན་རྩོད་བྱ་ཡུལ་དུ་གྱུར་ཡོད་པ་རེད། ཁོང་གིས་རྗེས་འབྲང་པ་འབོར་ཆེན་སྐུལ་སློང་བྱས་ནས་འདེམས་བསྐོའི་འདེམས་ཤོག་འཕེན་པར་ཞུགས་སུ་འཇུག་ཐུབ་པ་དང་། དེ་ནས་རྗེས་འབྲང་པ་ཚོའི་ལག་ཏུ་བཟུང་བའི་འདེམས་ཤོག་དེ་དག་བཀོལ་སྤྱོད་བྱས་ཆོག་པའི་ཐོན་ཁུངས་ལ་བརྗེ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།