འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་གཞིའི་ལྟེ་གནས་པེ་ཅིང་དུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་ཡིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་གཞིའི་ལྟེ་གནས་ཉིན་ཤས་གོང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་དངོས་སུ་བཙུགས་པ་རེད། ཀྲུང་གོའི་མི་རབས་ནས་མི་རབས་བརྒྱུད་པའི་ཚད་ལྡན་ཡིག་ཆའི་ནང་བོད་ཡིག་གི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཀྱི་རིགས་མང་ལ་གྲངས་འབོར་མང་པོ་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཀྲུང་གོ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ཉར་ཚད་གྲངས་འབོར་བམ་པོ་ཁྲི་200ཙམ་ཡོད་པ་རེད།
           ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་བོད་ཡིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་གཞིའི་ལྟེ་གནས་བཙུགས་པའི་དམིགས་ཡུལ་ནི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་མཛུབ་ཁྲིད་འོག ཀྲུང་ཧྭ་རིག་གནས་གོང་མཐོར་གཏོང་བའི་འཇམ་ཤུགས་བསྐྲུན་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོར་ཞབས་འདེགས་ཞུ་རྒྱུར་སྐུལ་སྤེལ་གཏོང་བ། དེ་བས་ལེགས་པའི་སྒོ་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ། ཚན་རིག་དང་མཐུན་པའི་ཞིབ་འཇུག་ལ་ཆ་འཕྲིན་གྱི་ཐོན་ཁུངས་མཁོ་འདོན་བཅས་བྱས་ཏེ་རང་རྒྱལ་གྱི་བོད་ཡིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་གཞིའི་ལྟེ་གནས་ཆེ་ཤོས་དང་དབང་གྲགས་ཆེ་ཤོས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
           ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་2015ལོ་ནས་བཟུང་། བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་བསྡུ་རུབ་ལེགས་སྒྲིག་ལས་དོན་སྤེལ་འགོ་ཚུགས་ཏེ་ཆེད་དོན་མི་སྣ་སྒྲིག་འཛུགས་དང་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་པེ་ཅིང་དང་བོད་རང་སྐྱོང་ལྗོངས་དང་དེ་བཞིན་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་གྱི་བོད་རིགས་ས་ཁུལ་བཅས་ཀྱི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆའི་དཔྱད་གཞི་བསྡུ་རུབ་བྱེད་པ་དང་ལྷག་པར་དུ་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་གའི་དཔེ་རྙིང་ཁག་གཅིག་གི་དཀར་ཆག་ཐེངས་དང་པོར་ལེགས་སྒྲིག་བྱས་པའི་ནང་ལ་ལ་ནི་བཀའ་གདམས་པ་དང་། བཀའ་རྒྱུད་པ། ཞི་གཅོད་པ་སོགས་སྔ་ས་ནས་རྒྱུད་པ་ཆད་པའི་ཚད་ལྡན་ཡིག་ཆའི་དཔྱད་གཞི་ཡིན་པ་རེད། དཀར་ཆག་ནང་འཁོད་པའི་ནང་དོན་ལ་མདོ་ཕྱོགས་དང་སྔགས་ཕྱོགས་ཀྱི་ནང་དོན་ཚུད་པའི་ཆོས་ལུགས་ཀྱི་ཚད་ལྡན་ཡིག་ཆ་ཡོད་པ་མ་ཟད། དེ་བཞིན་ལོ་རྒྱུས་དང་། རྣམ་ཐར། བརྡ་སྤྲོད། རྩོམ་རིག གསོ་རིག གནམ་དཔྱད་དཀར་རྩིས་སོགས་ཀྱི་ནང་དོན་ཡོད་པ་མ་ཟད། བཀའ་བསྟན་འགྱུར་ནང་འཁོད་མེད་པའི་དཔྱད་གཞི་ཡང་ཡོད་པ་རེད། མིག་སྔར་བོད་ཡིག་དཔེ་རྙིང་གི་ཚད་ལྡན་དཔྱད་གཞི་བམ་པོ་(པོད)ཁྲི་4ལྷག་ཙམ་བསྡུ་རབ་བྱས་ནས་བོད་ཡིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་གྲངས་གཞིའི་ལྟེ་གནས་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།