འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ལོ་ལྔ་བསྟུད་མར་གོ་ལ་ཧྲིལ་པོའི་བཟོ་ལས་འཕྲུལ་ མི་བཀོལ་སྤྱོད་ཁྲོམ་ར་ཆེ་ཤོས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། པེ་ཅིང་དུ་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྙན་ཞུ་(2017ལོ)》ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་འཕྲུལ་མིའི་ཁྲོམ་ར་མགྱོགས་འཕར་དུས་སྐབས་སུ་སླེབས་ནས་ལོ་ལྔ་བསྟུད་མར་གོ་ལ་ཧྲིལ་པོའི་བཟོ་ལས་འཕྲུལ་མི་བཀོལ་སྤྱོད་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད་པ་རེད།
          ཀྲུང་གོའི་གློག་རྡུལ་རིག་གཞུང་ལྷན་ཚོགས་ཞིབ་འཇུག་བློ་འདྲི་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཐིང་གིས། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་བཟོ་ལས་འཕྲུལ་མི་བཀོལ་སྤྱོད་ཁྲོམ་ར་ཆེ་ཤོས་སུ་གྱུར་ནས་གོ་ལ་ཧྲིལ་པོའི་ཁྲོམ་རའི་སུམ་ཆ་གཅིག་ཙམ་བཟུང་ཡོད། ཐོན་སྐྱེད་བཟོ་སྐྲུན་རིག་ནུས་ཅན་སྒྱུར་བཀོད་རིམ་སྤོར་བྱས་པ་དང་བསྟུན་ནས་བཟོ་ལས་འཕྲུལ་མིའི་ཁྲོམ་ར་མུ་མཐུད་འཁྲུག་པོ་ཡོང་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། 2017ལོར་རང་རྒྱལ་གྱི་བཟོ་ལས་འཕྲུལ་མི་བྲིན་ཚད་ཐེངས་དང་པོར་ཁྲི་11ལས་བརྒལ་ནས་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་42.2ཟིན་རྒྱུ་ཡིན་པ་དང་། 2020ལོར་རྒྱལ་ནང་གི་ཁྲོམ་རའི་གཞི་ཁྱོན་ཡང་ཨ་སྒོར་དུང་ཕྱུར་58.9བར་དུ་འཕར་རེ་ཡོད་ཅེས་བཤད།
          སྙན་ཞུའི་ནང་དུ་འཁོད་དོན། རྒན་རྒོན་གྱི་གྲངས་འབོར་མང་དུ་ཕྱིན་པ་དང་སྨན་བཅོས་དང་སློབ་གསོ་སོགས་ཀྱི་དགོས་མཁོ་ཆེས་ཆེར་འཕར་བ་དང་བསྟུན་ནས། རང་རྒྱལ་གྱི་ཞབས་ཞུའི་འཕྲུལ་མིར་ཁྲོམ་རའི་གཏིང་ཤུགས་དང་འཕེལ་རྒྱས་བར་སྟོངས་ཆེན་པོ་ཡོད་པ་རེད། སྔོན་དཔག་བྱས་ན། 2017ལོར་རང་རྒྱལ་གྱི་ཞབས་ཞུའི་འཕྲུལ་མིའི་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་13.2ཟིན་ནས་དུས་མཚུངས་ལས་28%འཕར་རྒྱུ་ཡིན་པ་དེ་གོ་ལ་ཧྲིལ་པོའི་ཞབས་ཞུའི་འཕྲུལ་མིའི་ཁྲོམ་རའི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་རེད།
          རིགས་གཅིག་མཁས་ཅན་གྱིས་གྲོས་འགོ་བཏོན་དོན། རང་རྒྱལ་གྱི་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་གཏོང་བར་ལྟེ་བའི་ལག་རྩལ་རང་བརྟེན་ཞིབ་སྤེལ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཐོན་ལས་འབྲེལ་ཐག་གི་ལྟེ་བའི་ལྷུ་ལག་ཆེ་ཆུང་ཁག་གི་འགག་རྩའི་ལག་རྩལ་ཐད་ཚད་བརྒལ་ཐུབ་པར་བྱས་ཏེ་མཐོ་སྣེ་དང་འབྲིང་སྣེའི་ཕྱོགས་སུ་སྐྱོད་དགོས་པ་མ་ཟད། ད་དུང་སྲིད་གཞུང་གི་རོགས་སྐྱོར་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། མ་རྩའི་འདེགས་ཤིང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་ཀྱང་བྱེད་དགོས།
          2017ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ཚེས་23ནས་27ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་གྱི་གྲུབ་འབྲས་གཙོ་བོ་ཞིག་ཡིན་པའི་《ཀྲུང་གོའི་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྙན་ཞུ་(2017ལོ)》དེ་ནི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་དྲུང་ཡིག་ཁྲུའུ་ཡིས་ཀྲུང་གོའི་གློག་རྡུལ་རིག་གཞུང་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་ལ་བརྟེན་ནས་མཉམ་དུ་རྩོམ་སྒྲིག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།