འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ། ང་ཡིས་རང་སྲོག་ཤོར་བར་མི་འཛེམ་པར་ཁྱེད་ལ་སྲུང་སྐྱོང་བྱེད་ཀྱི་ཡིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་25ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་ཆེན་གངས་རྒྱབ། ང་ཡིས་རང་སྲོག་ཤོར་བར་མི་འཛེམ་པར་ཁྱེད་ལ་སྲུང་སྐྱོང་བྱེད་ཀྱི་ཡིན།
          མཐའ་ཡས་དགུང་སྔོན་འོག་འཕྲེད་དུ་ཆགས་པའི་བརྗིད་ཆགས་ཁུ་ནུ་རི་བོ།
          མཐོ་ཚད་སྨི་4768ཡོད་པ་དང་། སྤྱི་ལེ་1500ལྷག་ཡོད་པའི་མཚོ་བོད་གཞུང་ལམ་གྱིས་བཤགས་པའི་ཁུ་ནུ་རི་བོའི་ཉག་ག་རུ། འཛམ་བུ་གླིང་ཡོངས་སུ་ས་བབ་མཐོ་ཤོས་སུ་བཞེངས་པའི་བརྐོས་བརྙན་ཞིག་ཀྲོང་ངེར་ལངས་ཡོད།
           བརྐོས་བརྙན་དེས་ལག་གཡོན་པར་མེ་མདའ་དམ་པོར་བཟུང་ཡོད་ལ། མཛུབ་མོ་ལྔ་གསལ་ཞིང་ཤུགས་ལྡན་པ་བརྐོས་པ་དང་།  དཔུང་པ་གཡས་པ་ནི་ལྷོད་པོར་བྲང་ཁར་ཕྱོགས་ཡོད་ཅིང་། རུམ་དུ་གཙོད་ཕྲུག་ཅིག་པང་འདུག བློ་རྩ་བརྟན་པོའི་མིག་ཟུང་གིས་ལྷོ་ནུབ་ཕྱོགས་སུ་ཅེ་རེར་བལྟས་ཡོད།
          དེ་ནི་ཨ་ཆེན་གངས་རྒྱབ་ཀྱི་ཕྱོགས་སུ་རེད།
          བརྐོས་བརྙན་དུ་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་སྔོན་བཤེགས་དཔའ་བོ་རྒྱལ་བཟང་བསོད་ནམས་དར་རྒྱས་ཀྱི་དྲན་གསོའི་རྡོ་རིང་ཞེས་བྲིས་ཡོད་པ་རེད།
         ལོ་23གྱི་སྔོན་ལ་དཔའ་ཉམས་ལྡན་པའི་ངང་རི་དྭགས་ལྐོག་རྔོན་ལ་རྒོལ་བའི་འཐབ་ཕྱོགས་དང་པོར་སྐུ་གཤེགས་པའི་ཨ་ཆེན་གངས་རྒྱབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་མི་དང་པོ་འདི་ལ་ད་ལྟ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ཚང་མས་བྱ་ཐབས་འདི་འདྲ་ཞིག་གི་ཐོག་ནས་གཟབ་རྒྱས་ངང་དྲན་གསོ་བྱེད་བཞིན་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་གནས་འདི་ནས་བརྒྱུད་པའི་རྗེས་རབས་པ་ཚང་མར་བརྗེད་མི་རུང་བའི་ལོ་རྒྱུས་འདི་དྲན་སྐུལ་བྱེད་བཞིན་ཡོད་པ་རེད།
          སྐབས་འདིར་ཁུ་ནུ་རི་བོར་གངས་ཀྱིས་ཁེབས་ཡོད་ལ། རྒྱང་རིང་དུ་བལྟས་ན་ས་གཞི་ཆེན་པོར་མུ་མཐའ་མེད།
          ཨ་ཆེན་གངས་རྒྱབ་ཏུ་སྐྱོད་འགོ་ཚུགས་དུས་ཀྱི་སྣང་བརྙན་འདི་གསར་འགོད་པའི་སེམས་ཁོངས་སུ་གཏིང་ཟབ་ཅིང་སྤོབས་ཉམས་ལྡན་པའི་མིག་དཔེ་ཞིག་བཞེངས་ཡོད་པ་སྟེ། ཚེ་སྲོག་ནི་ཚེ་སྲོག་གིས་སྲུང་སྐྱོང་བྱ་དགོས་པ་རེད།
          མི་རྣམས་ཀྱིས་ཨ་ཆེན་གངས་རྒྱབ་ཤེས་རྟོགས་བྱུང་འགོ་ཚུགས་པ་ནི་མང་ཆེ་བ་གཙོད་སྲུང་སྐྱོང་བྱེད་མཁན་ཚོས་མི་མེད་ལུང་སྟོང་འདིར་ལྐོག་རྔོན་བྱེད་མཁན་ཚོ་དང་སྲོག་བསྡོས་ཀྱིས་འཐབ་འཛིང་བྱས་པའི་གཏམ་རྒྱུད་ལས་ཤེས་པ་རེད།
          གཙོ་ཤུགས་རི་སྐོར་རུ་ཁག་གིས་ཆ་སྙོམས་སུ་ལོ་རེར་གཞི་རྒྱ་ཆེ་བའི་སྐོར་ཞིབ་ཐེངས་15བྱ་དགོས་པ་དང་། སྲུང་སྐྱོང་ས་ཚིགས་ཁག་གིས་སྐོར་ལམ་དུ་སྐོར་ཞིབ་སྲུང་སྐྱོང་ཐེངས་400ལྷག་ཙམ་བྱ་དགོས་པ་རེད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་ནས་རྒྱལ་ཁབ་སྤྱི་གླིང་བཙུགས་པ། དེ་ནས་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་གྱུར་པའི་བར་དུ་དཔའ་ངར་ཞུམ་མེད་ཀྱི་སྔོན་སྐྱོད་པ་མང་པོ་ཞིག་གི་ཚེ་སྲོག་དང་ཟུངས་ཁྲག་གིས་ཨ་ཆེན་གངས་རྒྱབ་མཆོང་སྐྱོད་ལྟར་འཕེལ་རྒྱས་འགྲོ་བར་སུབ་ཐབས་མེད་པའི་རྨང་གཞི་བཏིང་ཡོད་ལ། ཉིན་48རིང་མི་མེད་ལུང་སྟོང་དུ་སྐོར་ཞིབ་བྱས་ནས་ལྐོག་རྔོན་བྱེད་མཁན་ལ་རྒོལ་བའི་འཐབ་འཛིང་བྱས་པའི་མིའི་རིགས་ཀྱི་ལུས་ཁམས་ཀྱི་མཐར་ཐུག་པའི་ཟིན་ཐོ་གསར་དུ་བཀོད་པ་དང་། དེ་ལས་ལྷག་པར་ཉིན་46རིང་བསྟུད་མར་རྗེས་འདེད་བྱས་ནས་ལྐོག་རྔོན་ཚོགས་པ་གསུམ་ཚར་གཅོད་བཏང་བའི་དཔའ་ཉམས་ལྡན་པའི་བྱས་རྗེས་བཞག་པ་རེད།
          སྲུང་སྐྱོང་བྱེད་མཁན་ཚོས་མི་རབས་ནས་མི་རབས་བར་སྔོན་འགྱེལ་རྗེས་མཐུད་ཀྱིས་རང་སྲོག་ཤོར་བར་མ་འཛེམས་པས། 2006ལོ་ནས་བཟུང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་ལྐོག་རྔོན་བྱེད་མཁན་གྱི་མེ་མདའི་སྒྲ་གཅིག་ཀྱང་ཐོས་མྱོང་མེད་ལ། སྲུང་སྐྱོང་ཁུལ་ཁོངས་གཏོགས་དང་དེའི་མཐའ་འཁོར་ས་ཁུལ་གྱི་གཙོད་ཀྱི་གྲངས་འབོར་ཡང་ཁྲི་6ལྷག་ཡོད་པར་སླར་གསོ་བྱུང་བ་དང་། ལྐོག་རྔོན་བྱ་སྤྱོད་ཐལ་དྲགས་པའི་དུས་ལས་ཁྲི་4འཕར་སྣོན་བྱུང་བ་རེད།
          "གནས་འདི་ཡི་སྐྱ་རེངས་ནི་ལྷིང་ཞིང་འཇགས་པ་ཞིག་རེད"ཅེས་པ་འདི་ནི་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་བྱེད་མཁན་ཚོར་བརྗོད་པའི་ཆེས་བླ་མེད་ཀྱི་བསྟོད་པ་ཞིག་རེད། རི་སྐོར་རུ་ཁག་གི་གོམ་སྟབས་ནམ་ཡང་མཚམས་འཇོག་མི་ཕོད་པ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་དུ་སྲུང་སྐྱོང་ས་ཚིགས་མང་པོ་བཙུགས་ཡོད་ལ། དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཏུ་ཕར་བལྟས་ན་སྤྱིར་བཏང་གི་ལས་གནས་སུ་བློ་དཀར་ཡིན་མིན་དང་འགན་ཁུར་ཡོད་མེད་བློ་འདྲི་བྱེད་བཞིན་ཡོད་པ་དང་། ཉིན་ལྟར་གཙོད་གནས་སྤོ་བའི"ཚེ་སྲོག་གི་བགྲོད་ལམ"བརྟན་སྲུང་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ"མཐོ་སྒང་གི་ལྷ་གཙོད"ལ་གཡས་སྲུང་གཡོན་སྐྱོར་བྱེད་པ། ལུས་ལ་སྨན་བཅོས་གོས་དཀར་གྱོན་ལ་ལག་ཏུ་སྨན་བཅོས་སྒམ་ཆུང་བསྣམས་ཏེ་རྨས་ཕོག་པའམ་ཁྱུ་ཚོགས་ཀྱི་རྗེས་སུ་ལུས་པའི་གཙོད་དང་། འབྲོང་། རྐྱང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་500ལྷག་ཙམ་སྨན་བཅོས་སྲོག་སྐྱོབ་བྱས་ཏེ་ཡང་བསྐྱར་རང་བྱུང་ཁམས་སུ་བཏང་བ་རེད།
          མེ་མདའི་སྒྲ་དང་མེ་རྫས་ཀྱི་དུ་ཞག་མེད་པའི་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མ་ཡིན་པའི་བློས་གཏོང་དེ་བས་ཆེན་པོ་བྱ་དགོས་པ་སྟེ། སྔོན་གཤེགས་དཔའ་བོའི་མིང་བཏགས་པའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ། དུས་ད་ལྟ་ཡང་སྔར་བཞིན་ཉི་ནུས་ལ་བརྟེན་ནས་གློག་འདོན་གྱི་ཡོད་པ་དང་། གསར་འགོད་པ་ས་བབ་མཐོ་ཚད་སྨི་4479ཡོད་པའི་སྲུང་སྐྱོང་ས་ཚིགས་སུ་ཞག་སྡོད་བྱས་ནས་མཚན་མོའི་གྲང་ཚད་ཀླད་ཀོར་འོག་ཏུ་སླེབས་ཀྱི་ཡོད་ཅིང་། དོ་དམ་སྲུང་སྐྱོང་བྱེད་མཁན་ཚོ་འདི་ལྟར་ལོ་མང་པོར་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི"ཚེ་སྲོག་བཀག་སྡོམ་ཁུལ"དུ་འཚོ་གནས་བྱས་ནས་མི་མེད་ལུང་སྟོང་དུ་རྩ་བ་བཙུགས་པའི་མིའི་ལུས་ཁམས་ཀྱི་མཐར་ཐུག་པར་འགྲན་སློང་བྱེད་བཞིན་ཡོད་པ་རེད།
          ཚེ་སྲོག་ནི་ཚེ་སྲོག་གིས་སྲུང་སྐྱོང་བྱ་དགོས།
          ན་ནིང་གི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས"སྐྱེ་ཁམས་ཁོར་ཡུག་ལ་ཚབ་བྱེད་ཐབས་མེད་ཅིང་། བཀོལ་སྤྱོད་བྱེད་སྐབས་ཚོར་བ་མེད་རུང་། ཤོར་སོང་ན་གནས་ཐབས་བྲལ" "དཔྲལ་བའི་མིག་དང་གཅེས་པའི་སྲོག་སྲུང་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས"ཞེས་ནན་བཤད་གནང་བ་རེད།
          མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས"ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་སྤེལ་གཏོང་དགོས།" "འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་འགོད་རྒྱུའི་རེ་ཞུ་ལེགས་འགྲུབ་བྱུང་བ་ནི་དམིགས་ཡུལ་མིན་པར། སྲུང་སྐྱོང་ཟབ་སྤེལ་བྱ་རྒྱུ་ད་གཟོད་རྩ་བ་ཡིན།" 《མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ས་ཆ་སྲུང་སྐྱོང་སྲོལ་ཡིག་》བཟོ་འགོད་དང་ལག་བསྟར་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་བསྟར་ཚོད་ལྟར་སྐུལ་སྤེལ་ཤུགས་ཆེན་གཏོང་བར་མི་རྣམས་ཀྱིས་རང་སྲོག་ཤོར་བར་མི་འཛེམ་པར་ཨ་ཆེན་གངས་རྒྱབ་ས་གཙང་ཆེན་པོ་འདི་ཉིད་སྲུང་སྐྱོང་བྱ་དགོས་པ་མ་ཟད། ཁྲིམས་སྐྱོང་གི་བསམ་གཞིགས་དང་བསྒྱུར་བཅོས་གསར་གཏོད་ཀྱི་བྱ་ཐབས་ཀྱིས་ཨ་ཆེན་གངས་རྒྱབ་ལ་སྔར་ལས་བཀྲག་མདངས་འཚེར་བའི་གོས་གསར་ཞིག་དེ་བས་ཀྱང་སྤྲས་དགོས་ཞེས་ནན་བཤད་བྱས་པ་རེད།
          ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་ན། གང་དུ་སླེབས་ནའང་སྲུང་སྐྱོང་ལ་བསྟོད་པའི་སྙན་ངག་གིས་ཁྱབ་བོ།།
      

    ཕྱོགས་བསྡུས་གསར་འགྱུར།