འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་བོའི་དམངས་སྲོལ་ལ་གསོན་ཤུགས་གསར་པ་རྒྱས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རོ་བཅུད་ལྡན་པའི་དཀར་ཆུའི་ཞོ་ཡིས་མགྲོན་པོ་བསུ། འགྱུར་ཁུག་སྙན་པའི་ལྷ་མོའི་དབྱངས་ཀྱིས་ཡིད་དབང་འཕྲོག ཟླ་8ཚེས་21ནས་27ཉིན་བར་བོད་རང་སྐྱོང་ལྗོངས་ཀྱི“ལྗོངས་ཡོངས་ཀྱི་སྐབས་དྲུག་པའི་ལྷ་མོ་འཁྲབ་སྟོན”ལྷ་སའི་ནོར་བུ་གླིང་ག་དང་རྫོང་རྒྱབ་ཀླུ་ཁང་དུ་དུས་གཅིག་ཏུ་འགོ་ཚུགས་པ་རེད།
           དུས་རབས་17པའི་དུས་མཇུག་ནས་ཞོ་སྟོན་རིང་ལྷ་མོ་ལྟ་བའི་སྲོལ་རྒྱུན་གྱི་འགོ་བརྩམས། ལྷ་མོའི་ནང་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་མང་དག་འདུས་ཡོད་པ་ལས་བོད་རིགས་མི་དམངས་ཚོས་སྡིག་སྤོང་དགེ་སྒྲུབ་དང་བདེ་སྐྱིད་འཚོ་བར་བརྩོན་པའི་རིན་ཐང་ལྟ་བ་མངོན།
            དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་དེང་རབས་སུ། ཀྲུང་གོའི་ཤེས་དཔལ་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཟློས་གར་རིག་གནས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཡུལ་དེའི་ཟློས་གར་རྒྱུན་འཛིན་བྱེད་པོ་དམངས་ཁྲོད་ལྷ་མོ་ཚོགས་པ་དང་ཆེད་ལས་ཟློས་གར་ཚོགས་པ་གཅིག་པུ་དེར་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ད་ཆ་དམངས་ཁྲོད་ལྷ་མོ་ཚོགས་པ་དེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྤེལ་འགོ་ཚུགས་མ་ཐག་གི་ཚོགས་པ་50ཡང་མ་ཟིན་པ་ནས་ད་ཆའི་ཚོགས་པ140ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།
           ཉེ་བའི་ལོ་ཤས་རིང་། ལྷ་མོའི་སྲོལ་རྒྱུན་འཁྲབ་གཞུང་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པ་ནས་འཁྲབ་གཞུང་གསར་པ་མི་ཉུང་བ་ཞིག་ཐོན་པ་དེ་དག་ལ་རྒན་རྒོན་ཚོས་དགའ་པོ་བྱེད་པ་མ་ཟད། ན་གཞོན་དང་བྱིས་པ་མི་ཉུང་བས་དོ་སྣང་བྱེད་བཞིན་ཡོད།
           སྐབས་འདིའི་ལྷ་མོ་འཁྲབ་སྟོན་གྱིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་ལྷ་མོར་སྲུང་སྐྱོང་བྱས་པའི་གྲུབ་འབྲས་མངོན་པ་མ་ཟད། བོད་ཡོངས་ཀྱི་ལྷ་མོའི་འཁྲབ་ལུགས་ཁག་གི་འཁྲབ་སྟོན་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས་ལྷ་མོའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། ལྷ་སའི་ཞོལ་པ་ལྷ་མོ་ཚོགས་པ་དང་། བོད་ལྗོངས་གནའ་རབས་ལྷ་མོ་ཚོགས་པ། མལ་གྲོ་གུང་དཀར་ཕྱི་མ་ཁ་ལྷ་མོ་ཚོགས་པ། གཞིས་རྩེ་ངམ་རིང་ཆུ་འོག་ལྷ་མོ་ཚོགས་པ། གཞིས་རྩེ་རྣམ་གླིང་མཁོ་མ་ལྷ་མོ་ཚོགས་པ། ལྷོ་ཁ་གྲ་ནང་རལ་གྲི་སྒང་ལྷ་མོ་ཚོགས་པ། ལྷོ་ཁ་སྣེ་གདོང་ཆུས་ཤར་སྒོ་ལྷ་མོ་ཚོགས་པ་སོགས་དམངས་ཁྲོད་ལྷ་མོ་ཚོགས་པ་7གྱིས་རང་རང་སོ་སོས་བྱང་ཆུབ་པའི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་འཁྲབ་སྟོན་བྱས་པ་རེད།
           གཞན་ཡང་ཞོ་སྟོན་རིང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)གི་ཟློས་གར་ཁང་དུ“གནའ་བོའི་དབྱངས་རྟ། སྐབས་གསུམ་པའི་ལྷ་མོའི་རྣམ་ཐར་འགྲན་བསྡུར”དང་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བར་བོད་ཡོངས་ཀྱི་ས་ཁུལ་ཁག་ནས་ཡོང་བའི་ལྷ་མོར་དགའ་པོ་བྱེད་མཁན་དང་དམངས་ཁྲོད་སྒྱུ་རྩལ་པ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
           འདི་ལོའི་ཞོ་སྟོན་རིང་རིག་གནས་བྱེད་སྒོ་ཁག་གིས“རིག་གནས་ཀྱི་སྟོན་མོ། མི་དམངས་ཀྱི་དུས་ཆེན”ཞེས་པའི་འདུ་ཤེས་འཛིན་པ་དང་བོད་ཀྱི་ས་ཁུལ་ཁག་ནས་ཡོང་བའི་ལྷ་མོའི་དམངས་ཁྲོད་སྒྱུ་རྩལ་པ་དང་ཆེད་ལས་འཁྲབ་སྟོན་པ་400ཙམ་གྱིས་ལས་ཀའི་སྤྲོ་སེམས་ཀྱིས་ཁེངས་བཞིན་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་ལྷ་མོའི་སྒྱུ་རྩལ་གྱི་སྲུང་སྐྱོང་འབྲས་བུ་དང་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཚོར་དུས་ཡུན་ཉིན་7གྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་སྤྲོ་སྣང་དོད་ལ་མཐུན་སྦྱོར་ལྡན་པའི་རིག་གནས་ཀྱི་ཁོར་ཡུག་ཟབ་མོ་ཞིག་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།