འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་འཛམ་གླིང་གི་ཨང་17པར་འཕར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ལག་རྩལ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གིས་ཚེས་18ཉིན་པེ་ཅིང་དུ་ཡོངས་བསྒྲགས་བྱས་པའི་《རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་སྙན་ཞུ་2016ལོ་—2017ལོ་》ལས་མངོན་པར། འཛམ་གླིང་གི་གསར་གཏོད་རྣམ་པ་གཞི་རྩའི་ཆར་བརྟན་པོ་ཡོད་པ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་མིང་གྲལ་པེར་ཀྲེམ་ལས་བརྒལ་ཏེ་ཨང་17པར་འཕར་ནས། ཚོགས་པ་གཉིས་པའི་མདུན་གྲལ་གྱི་གནས་བབ་ཏུ་སླེབས་པ་དང་། མིང་གྲལ་མདུན་གྱི་ཨང་20ཡི་ནང་རོལ་དུ་སླེབས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འབའ་ཞིག་ཡིན་པ་རེད།
          རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་གདེང་འཇོག་འབྲས་བུར་བསྡུར་བ་དང་དབྱེ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། དཔྱད་འདེམས་ནང་ཞུགས་པའི་རྒྱལ་ཁབ་40དེ་དག་ཚོགས་པ་གསུམ་དུ་དབྱེ་ཆོག་པ་དང་། ཕྱོགས་བསྡུས་སྟོན་གྲངས་མདུན་གྱི་ཨང་15ནང་རོལ་དུ་སླེབས་པ་དག་ནི་གཙོ་བོ་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁའི་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ཡིན་ཞིང་། ཚང་མ་ནི་ཀུན་གྱིས་ཁས་བླངས་པའི་གསར་གཏོད་རྣམ་པའི་རྒྱལ་ཁབ་ཡིན་པའི་ཁྲོད་གླིང་ཆེན་ཨ་མེ་རི་ཁའི་1དང་། ཨེ་ཤེ་ཡའི་4ཡོ་རོབ་ཀྱི་10བཅས་ཡོད་པ་རེད། ཨང་16ནས་30བར་ནི་ཚོགས་པ་གཉིས་པའི་ཁོངས་སུ་གཏོགས་པས་ཕན་ཚུན་འགྲན་རྩོད་ཧ་ཅང་ཆེན་པོ་ཡོད་པ་དང་། ཨང་31ནས་40བར་ནི་ཚོགས་པ་གསུམ་པའི་ཁོངས་སུ་གཏོགས་ཀྱི་ཡོད།
          སྙན་ཞུ་ལས། ཨ་རིས་ཧ་ཅང་ཕུན་སུམ་ཚོགས་པའི་གསར་གཏོད་ཐོན་ཁུངས་དང་མངོན་གསལ་དོད་པའི་གསར་གཏོད་ལས་ཕྱོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་མིང་གྲལ་ཁྲོད་མུ་མཐུད“ཨང་དང་པོ”བཟུང་ཡོད། ཨེ་ཤེ་ཡའི་རྒྱལ་ཁབ་ཁྲོད་རི་པིན་དང་ཧན་གོས་མངོན་གསལ་དོད་པའི་ཁེ་ལས་ཀྱི་གསར་གཏོད་དང་ཤེས་བྱའི་གསར་གཏོད་ནུས་པར་བརྟེན་པས་ཨང་གཉིས་པ་དང་བཞི་པ་སོ་སོར་ཟིན་པ་རེད། སིང་ཀ་ཕོར་གྱི་མིང་གྲལ་ཨང་དགུ་པར་སླེབས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་མིང་གྲལ་2000ལོའི་ཨང་38ནས་མིག་སྔའི་ཨང་17པར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།