འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཀྲོའུ་ཡིས་ཚན་རྩལ་ལ་བརྟེན་ནས་སྣོད་བཅུད་བོད་ཡུལ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “རྩ་གཉིས་ཨང་རྟགས་བཤེར་ཚེ་ཁྱེད་ཀྱི་ཁྱིམ་དུ་ལུག་ཕྲུག་གཅིག་གསོ་ཆོག”ཅེས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མཚོ་ཉིན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ཀྱིས་ཀ་ཤུལ་གྲོང་ཚོའི་དྲ་ཐོག་ཚོང་དོན་ལྟེ་གནས་ངོ་སྤྲོད་བྱེད་སྐབས་དེ་ལྟར་བཤད། སྐྱེ་དངོས་ཕྲ་རབ་སིམ་པའི་གསང་སྤྱོད་དང་། ནུས་རྒྱུ་གྲོན་ཆུང་གི་ཐབ། གློག་རྡུལ་སྲོ་གང་། དྲ་ཐོག་ཚོང་ཁང་། VR རིག་ནུས་འབྲོག་ར་སོགས་ས་བབ་མཐོ་ཚད་སྨི་3500ཟིན་པའི་ས་མཐོའི་གྲོང་ཚོར་སྐྱ་སྤོས་རིག་གནས་དང་དེང་རབས་ཅན་གྱི་རིག་གནས་མཉམ་འདྲིས་ཡག་པོ་བྱུང་ཡོད།
           ཀ་ཤུལ་གྲོང་ཚོ་ནི་ཀྲུ་ཆུ་རྫོང་མཚོ་ཉིན་ཤང་གི་ཁོངས་སུ་གཏོགས། ཀན་སུའུ་ལྷོ་ནུབ་རྒྱུད་དུ་གནས་པའི་ཀ་ཤུལ་གྲོང་ཚོ་ནི་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་རྒྱལ་ལམ་213དང་ས་འབྲེལ་ཡིན་པའི་འབྲོག་ལས་རྐྱང་མའི་གྲོང་ཚོ་ཞིག་རེད། 2015ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས“ཁོར་ཡུག་གི་གསར་བརྗེ”ཞེས་པ་བཏོན་ཚུན། ཀ་ཤུལ་གྲོང་ཚོས་དུས་ངེས་གཏན་གྱི་འཕྲོད་བསྟེན་བཅོས་སྒྲིག་དང་མི་ཕྱུགས་དབྱེ་འབྱེད་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་ཚོ་ཡོངས་ཀྱི་རྣམ་པར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། འདི་ལོའི་ཟླ་བ་གསུམ་པར་ཀན་ལྷོ་ཀྲོའུ་ཨུད་ཀྱིས་ཀ་ཤུལ་གྲོང་ཚོའི་གནས་ཡུལ་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞིས་ཚུགས་ཏེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀ་ཤུལ་གྲོང་ཚོ་ཁོར་ཡུག་གསར་བརྗེ་རིམ་སྤོར་ཅན་གྱི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོར་བཏོད་པ་དང་། དེ་སྔ་འབྲོག་ལས་གཙོ་བོར་བྱེད་པའི་འབྲོག་ལས་རྐྱང་མའི་གྲོང་ཚོ་དེ་སྣོད་བཅུད་འབྲོག་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་གཞོགས་འདེགས་འཕེལ་རྒྱས་ཀྱི་ཡུལ་སྐོར་ཆེད་ལས་གྲོང་ཚོར་གྱུར་ཡོད་པ་རེད།
            དྲ་རྒྱ་ཤར་གཏོང་ཐུབ་པ་དང་བསྟུན་ནས་དུང་དཀར་ཡུལ་སྐོར་དང་ཡུལ་ཟོག་ཀུང་སིས་ད་དུང་དྲ་ཐོག་ཚོང་དོན་ལྟེ་གནས་བཙུགས་ཏེ་འབྲོག་དུད་ཀྱིས་ཐོན་སྐྱེད་བྱས་པའི་དཀར་ཆུའི་ཐོན་རྫས་དང་། མར། ཚགས་ཤ་དང་ལུག་ཤ་སོགས་ཡུལ་ཟོག་དང་དེ་བཞིན་ལག་ཤེས་བཟོ་ལས་སོགས་ལ་གཅིག་གྱུར་ལས་སྣོན་དང་ཐུམ་བརྒྱབ་སྟེ་དྲ་ཐོག་ཚོང་དོན་སྟེགས་བུ་བརྒྱུད་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད། དུས་ཐུང་ཟླ་བ་གཅིག་རིང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3རག་ཡོད། བསོད་ནམས་དོན་གྲུབ་ཀྱིས“ཚགས་ཤ་དང་ལུག་ཤ་སོགས་ཡུལ་ཟོག་ལ་དགའ་པོ་བྱེད་མཁན་མང་པོ་ཡོད་པས་ལོ་མཇུག་ཏུ་སླེབས་དུས་འབྲོག་པར་བགོ་འགྲེམ་རྒྱག་རྒྱུ་ཡོད”ཅེས་རེ་བས་ཁེངས་བཞིན་བཤད།
           བོད་ཁྱིམ་སྤྲོ་སྐྱིད་ཁང་གི་སྨི་བརྒྱ་ཡི་སར་ཀ་ཤུལ་གྲོང་ཚོས་བཏོད་པའི་སྦྲ་གུར་གྲོང་རེད། སྦྲ་གུར་བཅུ་གྲངས་ལྷག་ཙམ་ཡོད་པ་དེ་དག་རྩྭ་ཐང་དུ་སྤང་རྒྱན་མེ་ཏོག་བཞད་པ་ལྟར་སྣང་། སྦྲ་གུར་གྲོང་གི་མཐའ་མའི་གཞི་ཁྱོན་དེ་སྦྲ་གུར་100ལྷག་ཙམ་ལས་བརྒལ་རྒྱུ་ཡིན་ཞིང་། རྩྭ་རའི་ཐོན་ཁུངས་མུའུ་ཁྲི་60ལྷག་ཙམ་ལ་བརྟེན་ནས་ཀ་ཤུལ་གྲོང་ཚོས“རིག་ལྡན་འབྲོག་ར”གྲབས་འཛུགས་བྱེད་བཞིན་ཡོད། གསོ་སྤེལ་གྱི་ཕྱུགས་རིགས་ལ་གནས་གཏན་འཁེལ་གྱིས་རྗེས་འདེད་དོ་དམ་དང་། སྡོམ་གསོས་བརྒྱབ་པའི་ཕྱུགས་རིགས་ཀྱི་ཁོར་ཡུག་དོ་དམ། ཐོན་སྐྱེད་ལྟེ་གནས་ཀྱི་ཐོན་ཁུངས་དོ་དམ་བཅས་ཆ་འཕྲིན་མ་ལག་གསུམ་ལས་འབྲོག་ལས་ཀྱི་སྟེགས་བུ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་པ་རེད། འབྲོག་དུད་ཀྱིས་ལག་ཐོགས་ཁ་པར་བརྒྱུད་རྒྱང་རིང་དུ་ཕྱུགས་འཚོ་ཆོག GPSསྲུང་སྐར་གྱི་གནས་གཏན་འཁེལ་དང་། ཟོག་འབྲེལ་དྲ་རྒྱ། བརྙན་ལམ་ནས་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་བྱ་ཐབས་བརྒྱུད་ཕྱུགས་རིགས་ལ་དུས་རྟག་ཏུ་རྗེས་འདེད་གནས་གཏན་འཁེལ་དོ་དམ་བྱས་ནས་ཕྱུགས་རིགས་མི་བརླག་པ་དང་འབྲེལ། ཕྱུགས་རིགས་ཚང་མར་ཡིག་ཚགས་དང་གཱ་བཟོས་ནས་ལྟ་སྐུལ་ཚོད་འཛིན་བྱས་པའི་ཕྱུགས་རིགས་ཀྱི་བདེ་ཐང་དང་། འཕྲོད་བསྟེན་དང་ནད་ཡམས་ཞིབ་བཤེར། བཤས་གཏོང་ལས་སྣོན། ཁྲོམ་རར་འཁོར་རྒྱུག་སོགས་ཀྱི་འགག་རྩའི་གྲངས་གཞི་དུས་དང་རྣམ་པ་ཀུན་ཏུ་འཚོལ་བསྡུ་བྱ་ཆོག
           མིག་སྔར། ཀ་ཤུལ་གྲོང་ཚོའི་སྐད་འཕྲིན་ཚོང་ལས་སྟེགས་བུར་ཕྱུགས་རིགས་གཅེས་ཉར་སྲོག་ཆགས་ལ་བརྩིས་ནས་ཉོ་སྒྲུབ་བྱ་ཆོག་པའི་ཚོད་ལྟ་བྱས་ཡོད། འཛད་སྤྱོད་པས་ན་སོན་ཕྱུགས་རིགས་ཀྱི་རིན་གོང་ལྟར་ཕྱུགས་ཕྲུག་ཉོས་རྗེས་རྒྱང་མཐོང་བརྙན་ལམ་བརྒྱུད་ཕྱུགས་ཕྲུག་འཚར་ལོངས་ཀྱི་གནས་་ཚུལ་ལ་བལྟ་ཆོག བསོད་ནམས་དོན་གྲུབ་ཀྱིས“མིག་སྔར་ཕྱུགས་རིགས་30ལྷག་ཙམ་གཅེས་ཉར་སྲོག་ཆགས་ལ་བརྩིས་ནས་ཉོས་པ་དང་དེ་དག་ཉོ་མཁན་རྒྱལ་ཡོངས་ས་ཕྱོཌ་ཁག་ལ་ཡོད་པ་རེད། ཉོ་མཁན་མང་ཆེ་བའི་དམིགས་ཡུལ་ནི་བཤས་གཏོང་རྒྱུ་མིན་པར་ཚེ་ཐར་གཏོང་རྒྱུ་དེ་རེད། ཁོང་ཚོའི་བྱ་སྤྱོད་དེའང་རང་བྱུང་ཁམས་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།