འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“རི་གཉིས་ཀྱི་སྙིང་སྟོབས”ལ་བརྟེན་ནས“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་བརྗིད་
    ཆེའི་ལེའུ་བརྩམས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནི་མཚོ་སྔོན་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ས་སེར་ས་མཐོ་དང་མཚོ་བོད་ས་མཐོ་དང་། ཞིང་ལས་ཁུལ་དང་འབྲོག་ལས་ཁུལ། རྒྱའི་རིག་གནས་དང་མི་རིགས་མང་པོའི་རིག་གནས་བཅས་གཅིག་སྡུད་ཀྱི་འབྲེལ་མཚམས་ཆེན་པོ་གསུམ་དུ་ཆགས་ཡོད། དེ་ནི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། མི་འབོར་ཁྲི་240ཙམ་འདུས་སྡོད་བྱས་ཡོད་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་40%བཟུང་ཡོད། ལྷོ་བྱང་རི་བོའི་སྣོད་བཅུད་འཛུགས་སྐྱོང་དང་སྲུང་སྐྱོང་ཡག་པོ་ཐུབ་མིན་ནི་ཟི་ལིང་གྲོང་ཁྱེར་དང་ཙོང་ཆུའི་རྒྱུག་ཁུལ་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟེ་བའི་ཁུལ་དང་གཙོ་གནད་ཁུལ་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད།
            ཡིན་ནའང་རང་བྱུང་དང་དཔལ་འབྱོར་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་ཁར་དུས་རབས་གོང་མའི་ལོ་རབས་80པའི་གོང་གི་དུས་ཡུན་རིང་པོའི་ནང་ལུགས་དང་མི་མཐུན་པའི་གཉེར་སྐྱོང་དང་མིས་གཏོར་སྐྱོན་བཏང་བའི་དབང་གིས་ལྷོ་བྱང་རི་བོའི་སྣོད་བཅུད་ཁོར་ཡུག་ཞན་དུ་ཚབས་ཆེན་ཕྱིན་ནས་ས་ཆུ་ཤོར་ཚད་ཚབས་ཆེ་བ་དང་། རླུང་བུ་ལྡང་རིམ་བཞིན་ཟི་ལིང་གྲོང་ཁྱེར་དུ་བྱེ་རླུང་ཚབས་ཆེན་ལྡང་གི་ཡོད་ཅིང་། གྲོང་མི་ཡན་ལགས་ཀྱིས“སྐབས་དེ་དུས་དབྱར་དུས་སུ་ཆར་པ་(དྲག་ཆར)འབབ་རིམ་བཞིན་བྱང་རིའི་སྟེང་ནས་བབས་པའི་འདམ་ཆུ་ཟི་ལིང་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེན་པོའི་ཐོག་རྒྱུག་སྟེ་སྣུམ་ནག་གཞུང་ལམ་ཚང་མ་འདམ་སེར་ལམ་དུ་འགྱུར་གྱི་ཡོད”ཅེས་གསར་འགོད་པར་བརྗོད་ཀྱི་འདུག
          1989ལོར་མཚོ་སྔོན་ཞིང་ཨུད་དང་སྲིད་གཞུང་གིས“ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རི་བོར་ཤིང་འཛུགས་ནགས་བཟོ་བྱས་ནས་ཟི་ལིང་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་དགོས་པའི”ཇུས་ཐག་བཅད་ཡོད། ཞིང་ཆེན་དེ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་6.69ལས་མ་ཟིན་པའི་གནས་ཚུལ་འོག་སྒོར་ཁྲི་1350བཏོན་ནས་ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཡོད།
          མཚོ་སྔོན་ཞིང་ཆེན་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཁུའེ་ཡིས་འདས་ཟིན་པའི་ལོ་28རིང་ཧ་ཅང་ཞན་པའི་རང་བྱུང་ཁོར་ཡུག་མདུན་དུ་ཟི་ལིང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་ཉིད་སྐབས་རིམ་བྱུང་གི་མཚོ་སྔོན་ཞིང་ཨུད་ཀྱི་འགོ་ཁྲིད་ཀྱིས་རྒྱུན་མཐུད་ལག་བསྟར་གྱི“ལས་གྲྭ་ཨང་དང་པོ”ཞིག་ཏུ་བརྩིས་ནས་རི་རྒོད་མུའུ་ཁྲི་31ལ་ཤིང་འཛུགས་ནགས་བཟོ་བྱས་པ་དང་། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་3473བཏབ་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་21བཏང་བ་དང་འབྲེལ་ཤིང་གསོན་ཚད་86%ཟིན་ཡོད། དེའི་ནང་ལྷོ་བྱང་རི་བོར་ནགས་ཚལ་མུའུ་ཁྲི་20.97ཆགས་ནས་ཟི་ལིང་གྲོང་ཁྱེར་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ནགས་ཚལ་རྒྱ་ཁྱོན་དེ་སྔའི་སྨི་ངོས་གྲུ་8ཡང་མ་ཟིན་པ་ནས་ད་ཆའི་སྨི་ངོས་གྲུ་112བར་ཆེ་རུ་ཕྱིན་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།
          མིག་སྔར་ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རི་བོར་ཡུལ་དེའི་ལོ་མ་ཕྲ་བའི་ཤིང་སྣའི་ནགས་ཚལ་གཙོ་བོར་བྱེད་པ་དང་། སྡོང་རིང་ལྗོན་ཤིང་དང་སྡོང་ཕྲན་ལྗོན་ཤིང་ཟུང་འབྲེལ་བྱེད་པ། ལོ་མ་ཆེ་བའི་ཤིང་སྣའི་ནགས་ཚལ་དང་ལོ་མ་ཕྲ་བའི་ཤིང་སྣའི་ནགས་ཚལ་མཉམ་འདྲེས་བཅས་ཀྱི་ནགས་ཚལ་སྣོད་བཅུད་མ་ལག་ཅིག་ཆགས་ནས་སྣོད་བཅུད་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་བཞིན་ཡོད།
         ཉེ་ཆར་གསར་འགོད་པས་མཚོ་སྔོན་དུ་བརྟག་ཞིབ་བྱས་ནས་ལྷོ་བྱང་རི་བོའི་ཤིང་འཛུགས་ནགས་བཟོའི་སྐོར་གླེང་སྐབས་དེ་ཁུལ་གྱི་ལས་བྱེད་མང་ཚོགས་ཚོས“བགྲེས་སོང་དགའ་ལགས”ཞེས་ཨང་དང་པོར་གླེང་བ་དང་། ཁོང་ནི་ཚེ་ལས་འདས་ནས་ལོ་6ཙམ་སོང་བའི་མཚོ་སྔོན་ཞིང་ཆེན་གྱི་དེ་སྔའི་རྒྱུན་ལས་ཧྲེང་ཀྲང་གཞོན་པ་དགའ་པོ་ལུང་ཡིན་པ་རེད།
          1993ལོར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནས་རྒན་ཡོལ་ཞུས་རྗེས་ལོ་66ལ་སླེབས་པའི་སོག་རིགས་ལས་བྱེད་པ་རྒན་གྲས་དགའ་པོ་ལུང་གིས་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའི་རྒྱུན་ལས་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པའི་འགན་ཁུར་ཡོད་པ་རེད། ཀྲང་ཁུའེ་ཡིས་དྲན་གསོ་བྱེད་བཞིན་སྐབས་དེ་དུས་འགོ་ཁྲིད་ལས་བྱེད་པ་ཚུད་པའི་མི་མི་ཉུང་བ་ཞིག་གིས་ལྷོ་བྱང་རི་བོ་གཉིས་སུ་ཤིང་འཛུགས་ནགས་བཟོ་ཐུབ་མིན་ལ་དོགས་པའི་རྣམ་འགྱུར་འཛིན་གྱི་འདུག ཡིན་ནའང་དགའ་པོ་ལུང་གིས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ལ་བརྒྱབ་ཀླུང་བརྒལ་ངང་ཁུག་ཀྱོག་གང་སར་བསྐྱོད་དེ་རྩད་ཞིབ་བྱས་ནས་ཡུལ་བབ་དང་བསྟུན་པའི་ངང་སྐྱེ་དངོས་བྱ་ཐབས་དང་ལས་གྲྭའི་བྱ་ཐབས་ཟུང་འབྲེལ་བྱས་ནས་ཆུ་འཐེན་ཆུ་འདྲེན་དང་ལས་གྲྭར་བརྟེན་ནས་ནགས་བཟོ་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད། ཤིང་འཛུགས་ནགས་བཟོའི་གདམ་གའི་ཐད་ཡུལ་དེའི་ཤིང་སོན་གཙོ་བོར་བྱས་ནས་ས་མཐོའི་སྐམ་ཤས་ཆེ་བའི་ས་ཁུལ་དུ་སྔོ་འགྱུར་ནགས་བཟོའི་ལས་གྲྭའི་གྲུབ་འབྲས་ཐོན་པའི་བྱ་ཐབས་འཚོལ་ཞིབ་བྱེད་དགོས་ལུགས་བཏོན་ཡོད་ཅེས་བརྗོད་ཀྱི་འདུག
          2003ལོར་དགའ་པོ་ལུང་ལྷོ་བྱང་རི་བོའི་སྔོ་འགྱུར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པའི་ལས་གནས་ལས་དངོས་སུ་རྒན་ཡོལ་ཞུས་པ་དང་། ལོ་10ཡི་དུས་ཚོད་ནང་ཁོང་གིས་ལྷོ་བྱང་རི་བོའི་ནགས་ཁུལ་དུ་ངལ་རྩོལ་བྱས་ནས་ཉིན་གྲངས་3520སོང་ཞིང་། རི་རྒོད་དེ་གཉིས་ཡང་ལོ་རེ་དང་ཟླ་རེ་བཞིན་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད་གང་སར་སྔོ་ཐིང་ཐིང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པ་རེད། འཆར་འགོད་ནང་གི་མུའུ་ཁྲི་5ཡི་སྔོ་འགྱུར་ཁུལ་གྱི་སྔོ་འགྱུར་ཁུལ་ཆུང་41སྔོ་ལྗང་ལྗོན་ཤིང་གིས་བཀླུབས་པ་དང་། རིམ་རྩིས་ལྟར་ན། མུའུ་ཁྲི་4ལྷག་ཙམ་གྱི་ཤིང་འཛུགས་ནགས་བཟོའི་ལས་གྲྭ་ལེགས་སྒྲུབ་བྱས་ཡོད་པ་དང་དེ་ནི་ཟི་ལིང་གྲོང་ཁྱེར་གྱི་1989ལོའི་གོང་གི་ལོ་40ཡི་རིང་གི་རིམ་རྩིས་ཤིང་འཛུགས་ནགས་བཟོ་བྱེད་ཚད་ཀྱི་ལྡབ་གསུམ་ཟིན་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གཙང་གསུམ་ཆུ་འགོའི་དུས་ཐེངས་གཉིས་པའི་ལས་གྲྭ་དང་མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ནགས་ལས་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་བས་གཙོ་གནད་སྣོད་བཅུད་ཁུལ་གྱི་སྣོད་བཅུད་ཐེག་ནུས་ཆེ་རུ་ཕྱིན་ཡོད་པ་རེད། བྱེ་འགོག་བྱེ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་སྟོན་ཁུལ་5དང་རི་རྒྱ་བསྡམས་པའི་སྲུང་སྐྱོང་ཁུལ་8ཀྱི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ“མི་འཛུལ་ནས་བྱེ་མ་ཉུང་དུ་ཕྱིན་པའི”ཕན་འབྲས་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། ཙོང་ཆུ་རྒྱུག་ཁུལ་སོགས་གཙོ་གནད་ཁུལ་ས་ཁོངས་ཀྱི་སྔོ་འགྱུར་གཞི་ཁྱོན་སྔར་ན་མེད་པ་ཆགས་པ་དང་། ཟི་ལིང་གྲོང་ཁྱེར་དང་གཞོང་ཐང་ཆུས་སྐོར་བའི་སྤྱི་ལེ་བརྒྱའི་གྲོང་ཁྱེར་ལྗང་མདོག་ལྗོངས་གཟིགས་བགྲོད་ལམ་བསྐྲུན་པས་འགྲིམ་འགྲུལ་མ་ལག་དང་། ལྗོངས་གཟིགས་གཙོ་ལམ། སྣོད་བཅུད་ལྗང་མདོག་ལམ་ཐིག་བཅས་རགས་ཙམ་ཆགས་ཡོད། ཡུལ་ཤུལ་གྲོང་ཁྱེར་དང་རྨ་ལྷོ་རྫོང་སོགས་ཀྱི་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་12ལག་ལེན་བསྟར་བ་དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་4གསར་དུ་བཙུགས་པ་དང་རྒྱལ་ཡོངས་ཀྱི་སྔོན་དུ་འདམ་རའི་སྣོད་བཅུད་དོ་དམ་པའི་ལམ་ལུགས་བཙུགས་ཡོད།
          བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་མཚོ་སྔོན་གྱི་ལས་བྱེད་མང་ཚོགས་ཚོས་ད་ཆ་མཚོ་སྔོན་གྱི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་ལྗང་ལྡན་པ། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ། སྣོད་བཅུད་མུ་མཐུད་བཟང་བ་བཅས་བྱུང་ནས“མཛེས་སྡུག་ལྡན་པའི་མཚོ་སྔོན”གྱི་ལྗང་མདོག་གཟུགས་བརྙན་རྒྱལ་ཁབ་ཕྱི་ནང་དུ་དྲིལ་བསྒྲགས་ཐུབ་ཡོད་ཅེས་གསར་འགོད་པར་བརྗོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།