འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མོང་ཀན་ཐུ་ཡ་ཡིས་ངས་བོད་རིགས་ཡུལ་མི་སྤུན་ཟླ་ཚོར་རོགས་རམ་བྱེད་ཐུབ་རེ་བྱེད་ཀྱི་ཡོད་
    ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁག་ལྔ་པའི་གྲོང་སྡོད་ལས་བྱེད་པ་མོང་ཀེ་ཐུའུ་ཡ་སླར་ཡང་ས་སྐྱ་རྫོང་ཞལ་དཀར་ཤང་གསུམ་མདོ་གྲོང་ཚོར་བསྐྱོད་དེ་ལོ་3ལ་སླེབས་པའི་བུ་མོ་སྒྲོལ་དཀར་འཕྲད་སྐབས་བུ་མོས་འཕྲལ་མར་ཁོང་ལ་འཐམས། ཁོང་གིས་བུ་མོའི་དྲག་སྐྱེད་ཡག་པོ་བྱུང་བའི་ལག་པ་གཡས་པ་མཐོང་སྐབས་ཡིད་ལྷོད་ལ་བབ།
           2015ལོའི་ཟླ་12པར་ཁོང་ས་སྐྱ་རྫོང་ཞལ་དཀར་ཤང་གསུམ་མདོ་གྲོང་ཚོར་ལོ་གཅིག་བཅའ་སྡོད་བྱེད་པར་མངགས་པ་དང་གྲོང་ཚོ་དེ་ནི་དཔེ་མཚོན་གྱི་གྲོང་ཚོ་དབུལ་པོ་ཞིག་རེད་ལ་ས་བབ་མཐོ་ཚད་སྨི་4200ཡོད་པ་དང་ས་རྒྱུ་ཞན་པོ་ཡོད། ཁོང་གིས་གྲོང་ཚོ་དེར་སླེབས་ཟིན་པས་མི་སེར་ཚོར་བྱ་བ་དངོས་མང་ཙམ་བསྒྲུབ་རྒྱུའི་སེམས་ཐག་བཅད། གྲོང་ཚོར་འབྱོར་རྗེས་ཁོང་གིས་གྲོང་ཚོའི་དུད་ཚང་43ཚང་མར་བསྐྱོད། གྲོང་ཚོ་དེའི་ཕུར་སྒྲོན་ཁྱིམ་དུ་འབྱོར་སྐབས་མིག་མདུན་དུ་འཆར་བའི་རྣམ་པར་ཁོང་ཧང་སངས། སྒོ་རའི་ནང་ལྟ་སོ་འདི་སོ་མེད་པ་མ་ཟད་དམའ་ལ་གུ་དོག་པའི་ཁང་པའི་ནང་གོ་ཆོད་པའི་ནང་ཆས་གཅིག་ཀྱང་མེད།
          ཕུར་སྒྲོན་གྱི་ཁྱིམ་ལ་ས་ཞིང་མུའུ་གཉིས་ཀྱང་མེད་པའི་ཁར་ས་ཞིང་མང་ཆེ་བ་བྱེ་རྡོས་ཁེངས་ཏེ་ཞིང་སྐྱེ་ཐུབ་ཙམ་ལས་མེད། ཕུར་སྒྲོན་གྱི་འཚོ་བ་སྐྱོ་པོ་ཡོད་པ་ཕུད་ད་དུང་ཕུར་སྒྲོན་གྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི་དབང་པོ་སྐྱོན་ཅན་གྱི་བུ་མོ་སྒྲོལ་དཀར་རེད།
          སྒྲོལ་དཀར་ལོ་གཅིག་ལྷག་ཙམ་ལ་སླེབས་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་རྡོ་སོལ་གྱི་མེའི་ནང་འགྱེལ་ནས་ལག་པའི་མཛུབ་མོ་ལྔ་པོ་འཚིགས། ཕུར་སྒྲོན་གྱིས“སྨན་ཁང་དུ་ཟླ་ཕྱེད་ཙམ་བསྡད་རྗེས་སྨན་པས་གཉན་ཁ་བརྒྱབ་ནས་སྲོག་ཉེན་ཡོང་གི་རེད་སྙམ་ནས་བུ་མོའི་ལག་པ་གཅོད་དགོས་པའི་གྲོས་འགོ་བཏོན་པར་ངས་ཁས་བླངས་མེད་པ་མ་ཟད་བུ་མོ་ཁྲིད་ནས་ཁྱིམ་དུ་ལོག་པ་ཡིན”ཞེས་བཤད། རྗེས་སུ་བུ་མོའི་ལག་པར་སྨན་བཅོས་དུས་ཐོག་མ་བྱུང་བའི་རྐྱེན་གྱིས་མཛུབ་མོ་ལྔ་པོ་འབྱར་ནས་ནུས་པ་མེད་པར་གྱུར།
         མོང་ཀན་ཐུ་ཡ་ཡིས“ངས་བོད་རིགས་ཡུལ་མི་སྤུན་ཟླ་ཚོར་རོགས་རམ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། བུ་མོ་སྒྲོལ་དཀར་གྱི་ལག་པར་སྨན་བཅོས་བྱས་ནས་ཕྲུ་གུ་གཞན་དང་འདྲ་བར་སློབ་གྲྭར་སྐྱོད་ཐུབ་པ་བྱ་རྒྱུ་ནི་ངའི་རེ་བ་ཡིན”ཞེས་བཤད། འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་ཁོང་གིས་ཀྲུང་གོ་གསོ་རིག་ཚན་རིག་ཁང་དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཤའོ་རེན་དང་འབྲེལ་བ་བྱས་པར་ཤའོ་རེན་གྱིས་བུ་མོ་སྒྲོལ་དཀར་གྱི་ལག་པ་གཡས་པའི་ནུས་པ་སླར་གསོ་ཡོང་བར་གཤགས་བཅོས་ཐེངས་གསུམ་ནས་ལྔ་བར་བྱེད་དགོས་པ་དང་སྨན་རིན་སྒོར་ཁྲི་15ནས་20བར་འགྲོ་གི་རེད་ཅེས་བརྗོད། གཤགས་བཅོས་ཀྱི་འགྲོ་སོང་མཐོ་པོ་དེ་ལྟ་བུ་རྒྱལ་ཁབ་ཀྱི་མ་མཐའི་འཚོ་བར་རྟེན་མཁན་སྒྲོལ་དཀར་ཁྱིམ་གྱི་ངོས་ནས་བརྗོད་ན་ཧང་སང་དགོས་པ་ཞིག་རེད།
          ཤའོ་རེན་གྱིས་བུ་མོ་སྒྲོལ་དཀར་ལ་རྒྱལ་ཡོངས་ཀྱི་གྲགས་ཅན་ཡན་ལག་ཡ་མ་གཟུགས་སྲོང་བའི་རིགས་གཅིག་མཁས་ཅན་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དགུ་པའི་ལག་པའི་ཕྱི་བཅོས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཝང་པིན་དང་འབྲེལ་བ་བྱས། མོང་ཀན་ཐུ་ཡས“དགེ་རྒན་ཆེ་མོ་བ་ཝང་ལགས་ཀྱིས་བུ་མོ་སྒྲོལ་དཀར་ལ་གཤགས་བཅོས་བྱ་རྒྱུའི་ཁས་བླངས་བྱུང”ཞེས་བཤད། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣའི་རོགས་རམ་འོག་2016ལོའི་ཟླ་6པར་མོང་ཀན་ཐུ་ཡས་ཕུར་སྒྲོན་མ་སྨད་གཉིས་ཁྲིད་དེ་ཧྲང་ཧའེ་རུ་བསྐྱོད།
         ཕུར་སྒྲོན་གྱིས“མོང་ཀན་ཐུ་ཡས་ཉིན་མཚན་མེད་པར་ང་གཉིས་དང་མཉམ་དུ་བསྡད་དེ་རོགས་པ་བྱས་བྱུང”ཞེས་བཤད། མ་སྨད་གཉིས་པོས་རྒྱ་སྐད་ཚིག་གཅིག་ཀྱང་ཤེས་ཀྱི་མེད་སྟབས་མོང་ཀན་ཐུ་ཡས་ཁོང་གཉིས་ཀྱི་སྐད་སྒྱུར་བྱེད་པ་དང་ཆབས་ཅིག་གང་ས་ཅི་ཐད་ནས་རོགས་རམ་བྱས།
         བུ་མོ་སྒྲོལ་དཀར་གཤགས་བཅོས་ཟིན་རྗེས་ཕ་ཡུལ་དུ་ཕྱིར་ལོག་བྱེད་སྐབས་རྨ་རས་བརྗེ་རྒྱུ་དཀའ་གནད་དུ་གྱུར། མོང་ཀན་ཐུ་ཡས“ཡུལ་དེའི་སྨན་ཁང་གི་སྨན་པས་གནས་ཚུལ་འདི་རིགས་མཐོང་མྱོང་མེད་པས་འཇུ་ཕོད་ཀྱི་མི་འདུག”ཅེས་བཤད། ཐབས་ཟད་འུ་ཐུག་ངང་མོང་ཀན་ཐུ་ཡ་རང་ཉིད་ཀྱིས་རྨ་རས་བརྗེ་བའི་ལས་འགན་དེ་ཁུར། ཁོང་གིས་དགེ་རྒན་ཆེ་མོ་བ་ཝང་ལགས་དང་བརྙན་ལམ་ནས་འབྲེལ་བ་བྱེད་ཞོར་དུ་ཤང་གི་སྨན་པ་ཁྲིད་དེ་བུ་མོ་སྒྲོལ་དཀར་གྱི་རྨ་རས་བརྗེས་པ་རེད། སྨན་བཅོས་ཐེངས་མང་བྱས་པ་བརྒྱུད་ད་ཆ་བུ་མོ་སྒྲོལ་དཀར་གྱི་མཛུབ་མོ་རྐྱོང་ཐུབ་པ་མ་ཟད་ཅ་ལག་ཀྱང་ལེན་ཐུབ་ཀྱི་ཡོད། ཁོང་གིས“བུ་མོའི་ལག་པ་དྲག་སྐྱེད་ཡག་པོ་འདི་ལྟ་བུ་བྱུང་བས་ངའི་སེམས་ལྷོད་ལ་བབས་སོང”ཞེས་བཤད།
         ཕུར་སྒྲོན་གྱིས“མོང་ཀན་ཐུ་ཡ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་ངའི་བུ་མོའི་ལག་པ་བཅོས་ཐུབ་སོང་། དཀའ་ངལ་ག་ཚོད་འཕྲད་རུང་བུ་མོ་སློབ་གྲྭར་བཏང་ནས་རྗེས་སུ་སྤྱི་ཚོགས་ལ་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།