འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གསེར་ས་འོག འོད་ནམ་མཁའ། 

    —— ཨུ་རུ་སུའི་ཀྲུང་གོའི་རྩོམ་རིག་ཡིག་སྒྱུར་མཁས་ཅན་དང་ཞིབ་འཇུག་པ་གྲགས་ཅན་ཧྭ་ཁེ་ཧྲེང་གི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          སྐུ་ཞབས་ཧྭ་ཁེ་ཧྲེང་དགོངས་པ་རྫོགས་སོང་།
           དགུང་ལོ་91གི་འཁྲུངས་སྐར་འཆར་ཉེའི་སྐབས་སུ། ཨུ་རུ་སུའི་ཀྲུང་གོའི་རྩོམ་རིག་ཞིབ་འཇུག་ལས་རིགས་དང་ཡིག་སྒྱུར་ལས་རིགས་ཀྱི་གྲགས་ཅན་མི་སྣ་ཧྭ་ཁེ་ཧྲེང་མོ་སི་ཁོའི་དུས་ཚིགས་ཡག་ཤོས་ཏེ་ཟླ་7ཚེས་26ཉིན་ང་ཚོ་དང་ཁ་གྱེས་སོང་།
          ཧྭ་ཁེ་ཧྲེང་ང་ཚོ་དང་ཁ་གྱེས་པ་དེ་ལས་ཀྲུང་ཨུའི་རྩོམ་རིག་ལས་རིགས་ངོས་ནས་བརྗོད་ན། གྱོང་གུན་ཧ་ཅང་ཆེན་པོ་ཞིག་ཕོག་པ་སྨོས་མེད་རེད། ཀྲུང་གོ་དང་ཐ་ན་ཀྲུང་གོའི་རྩོམ་རིག་དང་བགྲང་བྱ་བདུན་ཅུ་ཙམ་ལས་དབང་གཅིག་ཏུ་འདུས་པའི་མོ་སི་ཁོའི་རྒྱལ་བཙུགས་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སློབ་གླིང་གི་མཛད་རྗེས་ཆེ་བའི་དགེ་རྒན་ཆེ་མོ་བ་དང“ཀྲུང་ཨུའི་འབྲེལ་བ་ལོ་དྲུག་ཅུ་འཁོར་བའི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”ཐོབ་མཁན་གྲས་ཤིག་ཡིན་པའི་ཁོང་གིས་ཚེ་གང་རིང་གཏམ་རྒྱུད་ངོ་མཚར་ཅན་ཞིག་བཏོད་ཡོད།
          དགུང་ལོ་33ལ་ཕེབས་སྐབས་ཁོང་གིས་《རུའུ་ལིན་གྱི་སྒེར་རྩོམ་ལོ་རྒྱུས་》ཨུ་རུ་སུའི་སྐད་ཡིག་ལ་ཕབ་སྒྱུར་གནང་བ།
          “ཁོང་དགུང་ལོ་བརྒྱད་ཅུ་དགུ་བཅུར་ཕེབས་པའི་བགྲེས་སོང་དང་ཡེ་ནས་འདྲ་གི་མེད། ད་ལྟ་དགུང་ལོ་དྲུག་ཅུ་བདུན་ཅུར་སོན་ཙམ་དང་སྐྱེ་སྟོབས་འབར་ལ་འཕེལ་ཤུགས་རྫོགས་མཐའ་མེད་པའི་མཁས་དབང་ཞིག་རང་རེད་འདུག”ཉེ་བའི་ལོ་འགའི་ནང་སྐུ་ཞབས་ཧྭ་ཁེ་ཧྲེང་མཇལ་མྱོང་མཁན་ཚོས་ཁོང་ལ་བག་ཆགས་ཟབ་མོ་བྱུང་བ་མ་ཟད། ཁོང་གི“སྨྱུག་རྩལ”ལ་དེ་བས་ཡིད་རེ་སྨོན།
          དགུང་ལོ་90ལ་ཕེབས་ནའང་ཁོང་གིས་གཟའ་འཁོར་མི་རེ་ངོ་རེར་ས་འོག་ལྕགས་ལམ་གྱི་མེ་འཁོར་ནང་ཆུ་ཚོད་2ཙམ་བཞུགས་ཏེ་མོ་སི་ཁོའི་ཨའར་པཱ་ཐེ་ཁྲོམ་གཞུང་དུ་གནས་པའི་ཀྲུང་གོའི་དཔེ་ཚོང་ཁང་དུ་ལྟ་བར་སྐྱོད་ཀྱི་ཡོད། ན་ནིང་ཁོང་གིས་ད་དུང་ལིའུ་ཨེའི་《ལའོ་ཚན་གྱི་ཡུལ་སྐོར་ཟིན་ཐོ་》ཨུ་རུ་སུའི་སྒྱུར་རྩོམ་ལ་གླེང་གཞི་གསར་པ་བཀོད་གནང་བ་རེད། འདི་ལོའི་ཟླ་བ་ལྔ་པར་མོ་སི་ཁོ་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་རྒྱ་ཡིག་ཚན་ཁག་གི་ལོ་ན་བགྲེས་ཤོས་ཀྱི་དགེ་རྒན་ཆེ་མོ་བ་ཡིན་པའི་ཁོང་གིས་ད་དུང་སློབ་མར་ཀྲུང་གོའི་རྩོམ་རིག་སློབ་ཚན་འཁྲིད་གནང་གི་ཡོད།
           1926ལོར་དཔེ་ཆ་བའི་ཁྱིམ་རྒྱུད་དུ་འཁྲུངས་པའི་ཧྭ་ཁེ་ཧྲེང་གི་ཨུ་རུ་སུའི་མཚན་ཆ་ཚང་ལ“ཏེ་སྨི་ཐེ་ལི·ཝོ་སི་ཁེ་ལེ་ཤན་སི་ཅི”ཞེས་བརྗོད། ལོ་19ལ་སོན་སྐབས་རྒྱལ་སྲུང་དམག་འཁྲུག་མཇུག་འགྲིལ་བ་དང་ཁོང་མོ་སི་ཁོའི་མཁའ་འགྲུལ་ལག་རྩལ་སློབ་གྲྭར་རྒྱུགས་འཕྲོད་ནས་འཕྲུལ་འཁོར་ཆེད་ལས་སློབ་སྦྱོང་བྱེད་འགོ་ཚུགས། མ་གཞི་བྱས་ན། ཁོང་གིས་རང་བྱུང་བཟོ་སྐྲུན་རིག་པར་གཞོལ་ནས་མི་ཚེ་འཁྱོལ་བ་བྱས་ན་ཆོག འོན་ཀྱང་ཁོང་གི་སེམས་ཁོངས་ནང“རྩོམ་རིག་གཞོན་ནུ”ཞིག་བྱེད་འདོད། ལོ་4སོང་རྗེས་ཁོང་སུའུ་ལེན་གྱི་ཚན་རིག་སློབ་གླིང་ཤར་ཕྱོགས་རིག་པའི་ཞིབ་འཇུག་ཁང་དུ་ཞིབ་འཇུག་སློབ་མར་འགྱུར་ནས་རང་ཉིད་ལ“ཧྭ་ཁེ་ཧྲེང”ཞེས་རྒྱ་ཡིག་མིང་དེ་བཏགས།
          1957ལོར་ཧྭ་ཁེ་ཧྲེང་ལ་མོ་སི་ཁོའི་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་འབུམ་རམས་པ་གཞོན་པའི་སློབ་གནས་ཐོབ་རྗེས་སུའུ་ལེན་སློབ་གསོ་པུའུ་ཡིས་ཀྲུང་གོར་མངགས་པའི་ཁག་དང་པོའི་ཕྱི་སྦྱོང་སློབ་མ་ཡིན་པའི་ཁོང་གིས་པེ་ཅིང་སློབ་ཆེན་དུ་རྒྱ་ཡིག་རྩོམ་རིག་ཟབ་སྦྱོང་གནང་། ཁོང་གིས་ཝང་ལི་དང་། ཀྲོའུ་ཙུའུ་མོ། ལིན་ཀེང་། ཝུའུ་ཙུའུ་ཤང་སོགས་ཀྲུང་གོའི་རྩེར་སོན་མཁས་དབང་དེ་དག་སྔ་རྗེས་སུ་དགེ་བའི་བཤེས་གཉེན་ལ་བསྟན། དགུང་ལོ་33ལ་ཕེབས་སྐབས་ཁོང་གིས་གཙོ་ཁྲིད་དགེ་རྒན་ཝུའུ་ཙུའུ་ཤང་གི་མཛུབ་ཁྲིད་འོག་《རུའུ་ལིན་གྱི་སྒེར་རྩོམ་ལོ་རྒྱུས》ཡིག་སྒྱུར་གནང་བ་དང་ཞིབ་འཇུག་སློབ་མའི་སློབ་ཐོན་གྱི་དཔྱད་རྩོམ་《རླབས་ཆེན་གྱི་ཟུར་ཟའི་བརྩམས་སྒྲུང་〈རུའུ་ལིན་གྱི་སྒེར་རྩོམ་ལོ་རྒྱུས་〉》ལེགས་པར་བསྒྲུབས་ནས་སློབ་གྲྭ་དེའི་ནང་ཀྲུང་གོའི་རྩོམ་རིག་རབ་འབྱམས་པའི་སློབ་གནས་ལྡན་པའི་སུའུ་ལེན་བ་ཨང་དང་པོར་གྱུར།
          དེ་རྗེས་ཁོང་གིས་ད་དུང་ཚབ་མཚོན་རང་བཞིན་གྱི་བརྩམ་ཆོས་དང་དེ་བཞིན་ལི་ཡུས་ཡི་《ཐོག་སོ་བཅུ་གཉིས་》སོགས་བརྩམས་སྒྲུང་ཨུ་རུ་སུའི་སྐད་ཡིག་ལ་ཕབ་ཅིང་། 《ཅིན་ཕིང་མའེ་》དང་《ཐོག་ཁང་དམར་པོའི་རྨི་ལམ་》ལའང་ཞིབ་འཇུག་དང་དཔྱད་གཏམ་མང་པོ་སྤེལ་མྱོང་། དེར་བརྟེན་ཁོང་མིང་ཆིང་རྒྱལ་རབས་གཉིས་སྐབས་ཀྱི་བརྩམས་སྒྲུམ་ཕབ་སྒྱུར་དང་ཞིབ་འཇུག་ཐད་ཧ་ཅང་དཀོན་པའི་རིགས་གཅིག་མཁས་ཅན་ལ་གྱུར།
          ཧྭ་ཁེ་ཧྲེང་གིས་ཝང་མོང་གི་བརྩམས་ཆོས་ལའང་ཞིབ་འཇུག་བྱེད་མྱོང་བ་དང་རང་ཉིད་ངོ་མས་《བྱ་སྤྱོད་ཀྱིས་མིའི་གཟུགས་བརྙན་འགྱུར་》ཞེས་པ་ཨུ་རུ་སུའི་སྐད་ཡིག་ལ་ཕབ་པ་དང་སྦྲགས་རང་ཉིད་ཀྱི་ཞིབ་འཇུག་སློབ་མ་ཚོ་དང་ཀྲུང་གོའི་དེང་རབས་བརྩམས་སྒྲུང་འཕེལ་རྒྱས་འགྲོ་ཚུལ་དང་འདྲ་བར་རྗེས་སྙེགས་ཀྱི་ཞིབ་འཇུག་མ་ལག་ཅིག་ཀྱང་ཆགས་ཡོད། དེས་མ་ཚད་ཀྲང་ཨའེ་ལིང་དང་ཧྲེང་ཚུང་ཝུན་ནས་ཝང་མོང་དང་། ཅ་ཕིང་ཨའོ། ཝང་ཨན་དབྱི་དང་ཐ་ན་ཡུས་ཧྭ་སོགས་རྩོམ་ཚུལ་མི་འདྲ་བའི་རྩོམ་པ་པོ་ཚང་མར་ཁྱབ་ཡོད། ཁོང་གིས་ལོ་70ཙམ་རིག་གཞུང་དོན་གཉེར་བྱེད་རིང་རྒྱའི་སྐད་ཡིག་ཁོ་ནའི་སྒྱུར་རྩོམ་དང་བརྩམས་ཆོས་200ལྷག་ཙམ་ཟིན་གྱི་ཡོད།
         རན་ཀོང་ཤོན་གྱི་སེམས་ནང་ཁོང་ནི“རིག་གཞུང་ཐད་བྱང་ཆུབ་པ་དང་། ལས་ཀར་ནན་ཏན། གཞུང་དྲང་བའི་མི་ཞིག་ཡིན་པ་རེད”2009ལོར་ཧྭ་ཁེ་ཧྲེང་གིས་ཀྲུང་ཨུའི་འབྲེལ་བ་ལ་ལེགས་སྐྱེས་ཆེན་པོ་ཕུལ་བས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲན་རྟེན་རྟགས་མ་ཐོབ་པ་དང་2015ལོར་སྐབས་དང་པོའི“ཀྲུང་གོའི་རྩོམ་རིག་ཉམས་ལེན”གྱི་རྩོམ་རིག་ཡིག་སྒྱུར་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཁོང་གིས་ཀྲུང་གོའི་རྩོམ་རིག་ཞིབ་འཇུག་དང་ཀྲུང་ཨུའི་རིག་གནས་སྤེལ་རེས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བར་ཚེ་གང་བྱས་རྗེས་བྱ་དགའ་ཐོབ་པ་རེད།
         ལོ་70ལྷག་ཙམ་ནང་ཁོང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཨུའི་རིག་གནས་སྤེལ་རེས་ལ་གཞོལ་བ།
         ཨུ་རུ་སུའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀུང་ཚན་ཀྲང་ཀྲུང་ཧྭ་ཡིས་སྐུ་ཞབས་ཧྭ་ཁེ་ཧྲེང་ལ་གདེང་འཇོག་དེ་ལྟར་གནང་བ་སྟེ། ཁོང་ནི་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཀྲུང་ཨུའི་རྩོམ་རིག་སྤེལ་རེས་ལ་དཔང་པོ་གནང་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་རེད།
         ཧྭ་ཁེ་ཧྲེང་པེ་ཅིང་སློབ་ཆེན་དུ་སློབ་སྦྱོང་བྱེད་པའི་ལོ་རབས་ནི་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་གི་སྤྲོ་སེམས་དང་ཕུགས་བསམ་གྱིས་ཁེངས་པའི་ལོ་རབས་ཤིག་ཡིན། “རིག་གནས་གསར་བརྗེ་ཆེ་མོའི”རིང་དང་དེ་བཞིན་སྒྱུར་བཅོས་སྒོ་དབྱེའི་རྗེས། ཧྭ་ཁེ་ཧྲེང་ལོ་ཁ་ཤས་ནང་ཀྲུང་གོར་ཐེངས་རེ་ཕེབས་ཀྱི་ཡོད་པ་དང་གཞུང་ཚབ་ཁང་དུ་ཕྱག་ལས་གནང་སྐབས་ཁོང་གིས་ས་གནས་ཁག་ཏུ་འཚམས་འདྲིར་བསྐྱོད་ནས་རྩོམ་པ་པོ་ཚོ་དང་གྲོགས་པོ་སྒྲིག་གི་ཡོད། ཁོང་ཀྲུང་གོར་ཕེབས་ཐེངས་མཐའ་མ་ནི་2005ལོར་ཡིན།
          ཧྭ་ཁེ་ཧྲེང་གིས“ངས་ཀྲུང་གོའི་འཕོ་འགྱུར་ལ་དཔང་པོ་བྱེད་ཐུབ་ལ། ཀྲུང་གོའི་རྩོམ་རིག་དང་བརྩམས་སྒྲུང་གི་འགྱུར་ལྡོག་ལའང་དཔང་པོ་བྱེད་ཐུབ”ཅེས་རྒྱུན་དུ་གསུངས་ཀྱི་ཡོད།
          ཧྲང་སི་རྒྱལ་སྤྱིའི་དཔེ་སྐྲུན་(ཚོགས་པ)ཚད་ཡོད་ཀུང་སིའི་སྲིད་འཛིན་སྤྱི་འདོམས་པ་མུའུ་ཕིང་སེམས་འགུལ་ཚད་མེད་ཐེབས་པ་ནི་ཧྭ་ཁེ་ཧྲེང་གིས་ཁོང་ཚོའི་གཙོ་གནད་རྩོམ་རིག་པར་སྐྲུན་དངོས་པོའི་སྒྱུར་རྩོམ་ལ་ཞིབ་བཤེར་ལྟ་ཀློག་གནང་རོགས་ཞུ་སྐབས་དཔེ་སྐྲུན་ཁང་གིས་ཁོང་ལ་ཞིབ་བཤེར་སྐུ་ཡོན་ཨུ་ཚུགས་ཀྱིས་སྤྲད་རུང་ཁོང་གིས་མ་བཞེས་པར་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ཡིག་སྒྱུར་ལ་ཤུལ་འཛིན་མཁན་ཡོད་ན་དགའ་པོ་འདུག་ཅེས་རྒྱུན་དུ་གསུངས་ཀྱི་ཡོད། 《ཀྲུང་གོའི་ཤེས་དཔལ་ལོ་རྒྱུས་》ཀྱི་ཨུ་རུ་སུའི་འགྱུར་མ་པར་སྐྲུན་བྱེད་པའི་དུས་ཚོད་ཧ་ཅང་ཛ་དྲག་པས་ཁོང་གིས་ཟླ་བ་གཅིག་མ་འགོར་བར་དེབ་བཅུ་གྲངས་ཁ་ཤས་ཞིབ་བཤེར་ལྟ་ཀློག་གནང་ཟིན་པ་མ་ཟད། ད་དུང་དཔེ་དེབ་གསར་པའི་ཡོངས་བསྒྲགས་ཚོགས་འདུར་ནང་དོན་ཕུན་སུམ་ཚོགས་པའི་གཏམ་བཤད་ཀྱང་གྲ་སྒྲིག་གནང་། ན་ནིང་ཧྲང་སིས་མོ་སི་ཁོར་ཀྲུང་གོའི་དཔེ་ཚོང་ཁང་དང་པོ་དེ་བཙུགས་པ་དང་ལོ་གཅིག་རིང་དཔེ་ཚོང་ཁང་དུ་འབྲེལ་ཡོད་རིག་གནས་བྱེད་སྒོ་རྒྱུན་དུ་སྤེལ་གྱི་ཡོད་པར་ཁོང་གིས་ཞུགས་གང་ཐུབ་གནང་བ་མ་ཟད། རླངས་འཁོར་གྱིས་བསུ་དགོས་པའི་རེ་བ་མི་བཏོན་པར་རང་ཉིད་ས་འོག་ལྕགས་ལམ་གྱི་མེ་འཁོར་ལ་བཞུགས་ནས་ཕེབས་ཀྱི་ཡོད།
          2014ལོའི་ལོ་མཇུག་ཏུ་མོ་སི་ཁོ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཀྲུང་ཨུའི་རྩོམ་རིག་ཡིག་སྒྱུར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་སྒྲིག་འཛུགས་བྱས་ནས་སྐུ་ཞབས་ཧྭ་ལགས་གདན་ཞུ་བྱས། སྐུ་གཟུགས་བདེ་པོ་མེད་པའི་དབང་གིས་ཁོང་ཞུགས་ཐུབ་མེད། འོན་ཀྱང་ཁོང་གིས་སློབ་མ་མངགས་པ་དང་འབྲེལ་རང་ཉིད་ཀྱི་རྟེན་འབྲེལ་སྨོན་ཚིག་དང་དགོངས་པ་མ་ཚོམ་ཞུ་ལུགས་མཚོན་པར་བྱས།
          རྒྱ་ཡིག་སློབ་སྦྱོང་བྱེད་མཁན་དང་ཀྲུང་གོའི་རྩོམ་རིག་ལ་དགའ་པོ་བྱེད་མཁན་ཨུ་རུ་སུ་བ་ཇེ་མང་དུ་འགྲོ་བ་ལས་སྐུ་ཞབས་ཧྭ་ལགས་དགྱེས་ཚོར་ཆེན་པོ་བྱུང་། དགུང་ལོ་མཐོ་ན་ཡང་ཁོང་གིས“ཀྲུང་གོའི་རིག་གནས་ཁྱབ་གདལ་གཏོང་རྒྱུ་ནི་ངའི་ཚེ་སྲོག་གི་ཆ་ཤས་སུ་གྱུར”ཅེས་གསུངས། ཁོང་གིས་རང་ཉིད་ཀྱི་བསམ་འདུན་ཐེངས་མང་མཚོན་པར་བྱས་པ་སྟེ“ཀྲུང་ཨུའི་རིག་གནས་སྤེལ་རེས་དུས་རབས་གོང་མའི་ལོ་རབས་50པའི་ཆུ་ཚད་ལ་སླེབས་པའམ་ཡང་ན་དེ་ལས་ལྷག་པ་ཡོང་བའི་ཐུགས་རེ་གནང་གི་ཡོད”
         དགུང་ལོ་90ལ་ཕེབས་ཀྱང་སྔར་བཞིན་ཀྲུང་གོའི་རིག་གནས་སློབ་ཁྲིད་གནང་བཞིན་པ།
          “སློབ་ཕྲུག་གང་སར་ཁྱབ”ཅེས་པ་ནི་ཧྭ་ཁེ་ཧྲེང་གི་སློབ་ཁྲིད་ལོ་རྒྱུས་ཀྱི་མཚོན་ཚུལ་ལེགས་ཤོས་ཤིག་རེད། ཁོང་གིས་ལོ་60ལྷག་ཙམ་སློབ་ཁྲིད་གནང་བའི་སློབ་མའི་ནང་སློབ་ཕྲུག་མི་ཉུང་བ་ཞིག་དེང་དུས་ཨུ་རུ་སུའི་རྒྱ་རིག་པ་མཁས་ཅན་དུ་གྱུར་ཡོད། ད་ཆ་ཨུ་རུ་སུའི་རྒྱལ་བཙུགས་མཐོ་རིམ་དཔལ་འབྱོར་སློབ་ཆེན་གྱི་རྒྱ་ཡིག་དགེ་རྒན་ཡིན་པའི་ཀེའར་པ་ཆའོ་ཝ·སི་ཝུའེ་ཐ་ཡང་དེ་སྔོན་མོ་སི་ཁོ་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་དུ་རྒྱུགས་འཕྲོད་ནས་ཧྭ་ཁེ་ཧྲེང་གི་སློབ་ཚན་ཉན་མྱོང་ཡོད།
         ཝང་ཨན་དབྱི་ཡི་བརྩམས་སྒྲུང་རིང་གྲས་《ཁྲང་ཨན་གྱི་འཁོན་འཛིན་》ཞེས་པ་སྒྱུར་བཞིན་པའི་མ་ལི་ཡས་རྒན་ལགས་ལ་བརྩེ་བ་ཟབ་མོ་བཅངས་ཀྱི་ཡོད། ཁོང་གི་དེ་སྔའི་སློབ་ཐོན་དཔྱད་རྩོམ་ནི་ཝང་ཨན་དབྱིའི་བརྩམས་ཆོས་སྐོར་གྱི་ཞིབ་འཇུག་ཡིན་པ་དང་དེ་ཡང་སྐུ་ཞབས་ཧྭ་ལགས་ཀྱིས་ཁོང་ལ་དེའི་ཐད་དོ་སྣང་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད། རྒན་ཧྭ་ལགས་ཀྱིས་ཤར་ཕྱོགས་རིག་གནས་དང་ལྷག་པར་དུ་ཀྲུང་གོའི་རྩོམ་རིག་ལ་ཆེད་མངགས་ཞིབ་འཇུག་བྱེད་མཁན་སློབ་མར་ཐུགས་ཁུར་གནང་བ་མ་ཟད། ཀྲུང་གོའི་རིག་གནས་ལ་དགའ་པོ་ཡོད་མཁན་ཚན་ཁག་གཞན་གྱི་སློབ་མར་ཁྲིད་སྟོན་གཅིག་མཚུངས་གནང་གི་ཡོད་ཅེས་དྲན་གསོ་བྱེད་བཞིན་དུ་བཤད།
          ཨུ་རུ་སུའི་རྒྱ་རིག་པའི་ཞིབ་འཇུག་དང་སློབ་ཁྲིད་ལ་ལོ་རྒྱུས་ཡུན་རིང་ལྡན་པས་ཞིབ་འཇུག་མི་སྣ་མང་བ་དང་། ཞིབ་འཇུག་གྲུབ་འབྲས་ལེགས་པ། སློབ་ཁྲིད་ཆུ་ཚད་མཐོ་བ་བཅས་འཛམ་གླིང་གི་རྩེར་སོན་གནས་བབ་ལ་སླེབས་མོད། འོན་ཀྱང་ལོ་རྒྱུས་དང་། སྤྱི་ཚོགས། ཆབ་སྲིད་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་མཐར་རྗེས་སུ་ལུས་ཡོད། “ཀྲུང་ཨུའི་རིག་གནས་སྤེལ་རེས་བར་མཚམས་ཆད་ན་འགྲིག་ཐབས་མེད། མུ་མཐུད་ནུས་པ་ལྷག་མ་འདོན་སྤེལ་བྱས་ཏེ་མི་དེ་བས་མང་པོ་གསོ་སྐྱོང་བྱ་རྒྱུའི་འོས་འགན་ང་ཚོ་རྒན་རྒོན་ཚོར་ཡོད”ཅེས་པ་དེ་ནི་ཁོང་གིས་རྒྱུན་དུ་གསུངས་པའི་སྐད་ཆ་ཞིག་རེད། རྒྱུ་རྐྱེན་དེས་རྐྱེན་པས་ཧྭ་ཁེ་ཧྲེང་གིས་ཚེ་གང་རིང་སློབ་མར་སློབ་འཁྲིད་གནང་ཡོད།
          དགའ་འོས་པ་ཞིག་ནི་མོ་སི་ཁོ་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་ད་ཆ་ཨུ་རུ་སུའི་མཐོ་སློབ་ནང་རྒྱ་ཡིག་སློབ་ཁྲིད་དང་ཞིབ་འཇུག་གི་ཆུ་ཚད་མཐོ་ཤོས་ཀྱི་རྟེན་གཞིའི་གྲས་སུ་གྱུར་ཡོད། ཁོང་གི་ཤུགས་རྐྱེན་འོག་བུ་ཧྭ་ཁོ་ཧྲེང་ཡང་རྒྱ་ཡིག་མཁས་ཅན་ཞིག་ཏུ་འགྱུར་བ་དང་ད་ཆ་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་ཤར་ཕྱོགས་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་རེད།
          ཟླ་7ཚེས་28ཉིན་ནི་ཧྭ་ཁེ་ཧྲེང་ལ་མྱ་ངན་ཞུ་བའི་ཉིན་མོ་ཡིན་ཞིང་། ཁོང་གི་སློབ་མ་དང་། ནང་མི། ལས་རོགས་བཅས་ཚང་མ་ཞལ་གྱེས་ཞུ་བར་སླེབས་ཡོད། བློ་གྲོས་དང་ལྡན་པའི་མཁས་དབང་དེས་རང་ཉིད་ཀྱི་ཚེ་གང་ལ་ཕྱིར་བལྟས་གནང་ཚེ་དགའ་བ་སྐྱེས་འོས་པ་ཞིག་ཡོད་པ་སྟེ། སྒྱུར་རྩོམ་དང་རྩོམ་རིག་ཞིབ་འཇུག་གི་བརྩམས་ཆོས་བརྒྱ་ཕྲག་ཡོད་པ་ཕུད། དེ་བས་གལ་འགངས་ཆེ་བ་ནི་སློབ་མ་བརྒྱ་གྲངས་མང་པོ་གསོ་སྐྱོང་བྱས་ཡོད། རྒྱ་རིག་པ་མཁས་ཅན་ཁོང་རྣམ་པའི་འབད་བརྩོན་འོག་ཨུ་རུ་སུའི་ཀྲུང་གོའི་རྩོམ་རིག་ཡིག་སྒྱུར་དང་ཞིབ་འཇུག་ལ་ཤུལ་འཛིན་མཁན་ཡོད་པ་རེད། ༼ ཝུའུ་ཡན་གྱིས། ༽
      

    ཕྱོགས་བསྡུས་གསར་འགྱུར།