འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་པེ་ཡིས་ཀོང་ཏའོ་རུ་ཉིང་རྡུལ་འབར་གཏོར་བྱུང་སྟེ་ལོ་72འཁོར་བའི་དྲན་གསོའི་བྱེད་སྒོར་
    ཞུགས་པར་ཉི་ཧོང་གི་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་07ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨན་པེ་ཡིས་ཀོང་ཏའོ་རུ་ཉིང་རྡུལ་འབར་གཏོར་བྱུང་སྟེ་ལོ་72འཁོར་བའི་དྲན་གསོའི་བྱེད་སྒོར་
ཞུགས་པར་ཉི་ཧོང་གི་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན། ཉི་ཧོང་རྒྱལ་ཁབ་ཀྱི་ཀོང་ཏའོ་གྲོང་ཁྱེར་གྱི་ཞི་བདེ་དྲན་གསོ་སྤྱི་གླིང་དུ་རྡུལ་ཕྲན་འབར་མདེལ་གྱི་འབར་གཏོར་བྱུང་ནས་ལོ་72འཁོར་བའི་དྲན་གསོའི་བྱེད་སྒོ་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མང་ཚོགས་བརྒྱ་ཕྲག་ལྷག་གིས་ཉིན་དེར་བྱེད་སྒོ་སྤེལ་ཡུལ་དངོས་སུ་ཀྱི་ཉེ་འཁོར་དུ་འཛོམས་ཏེ་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་དྲན་གསོ་བྱེད་སྒོར་ཞུགས་པར་ངོ་རྒོལ་བྱས་པ་མ་ཟད། ཨན་པེ་སྲིད་སྟེགས་ནས་ཕྱིར་དོན་དགོས་པའི་རེ་བའང་འདོན་བཞིན་ཡོད་པ་རེད།
            ངོ་རྒོལ་བྱེད་མཁན་མང་ཚོགས་ཚོ་སྔ་ས་ནས་ཞི་བདེའི་དྲན་གསོ་སྤྱི་གླིང་གི་ཉེ་འཁོར་དུ་འདུ་འཛོམས་བྱས་ཡོད་ལ། ཨན་པེ་བྱེད་སྒོར་ཞུགས་པར་ངོ་རྒོལ་བྱེད་པ་མ་ཟད། རྩ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་ཁོ་པའི་བསམ་པ་དང་ཅི་ཇ་སློབ་གླིང་གི་གཏམ་ངན་སོགས་ཀྱི་གནད་དོན་རབ་དང་རིམ་པར་རྒོལ་གཏམ་སྤེལ་ཡོད་པ་རེད། ཁོང་ཚོས"དམག་འཁྲུག་དང་རྩ་ཁྲིམས་བཟོ་བཅོས་ལ་ངོ་རྒོལ"དང"ཨན་པེ་གཏོར་དགོས"ཞེས་པ་སོགས་ཀྱི་སྦྱར་བྱང་མཐོན་པོར་བཏེགས་ནས་སྐབས་རེ"ཨན་པེ་ལོག་སོང"ཟེར་བ་སོགས་ཀྱི་འབོད་སྒྲ་སྒྲོག་བཞིན་ཡོད་པ་རེད།
             ཨན་པེ་ཡིས་ཉིན་དེའི་བྱེད་སྒོའི་ཐོག་གི་གཏམ་བཤད་དུ་ཀོང་ཏའོ་དང་ཁྲང་ཆིའི་རྡུལ་ཕྲན་འབར་མདེལ་འབར་གཏོར་གྱི་ལོ་རྒྱུས་རྒྱབ་ལྗོངས་གཅིག་ཀྱང་གླེང་མེད་པ་རེད། ཨན་པེ་ཡིས་གཏམ་བཤད་བྱེད་དུས། བྱེད་སྒོ་སྤེལ་ཡུལ་ཉེ་འཁོར་གྱི་ངོ་རྒོལ་བྱེད་མཁན་ཚོས་སྔར་བཞིན་འབོད་སྒྲ་སྒྲོག་བཞིན་ཡོད་པ་རེད། 
            ཨན་པེ་མ་གཏོགས། ཚེས་3ཉིན་ནང་སྲིད་བསྐྱར་སྒྲིག་བྱས་རྗེས་ཕྱི་དོན་བློན་ཆེན་གྱི་གོ་གནས་ཁུར་བའི་ཧོ་ཡེ་ཐའེ་ལཱང་ཡང་དྲན་གསོའི་བྱེད་སྒོར་ཞུགས་ཡོད་པ་རེད།
           ཆེད་མངགས་ཞན་ཐའེ་ནས་ཡོང་བའི་སུང་པུན་དང་བཅས་པས། ཁོང་ཚོས་ཨན་པེ་དྲན་གསོའི་བྱེད་སྒོར་ཞུགས་པར་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད། ཨན་པེ་སྲིད་གཞུང་གིས་མི་ཉུང་ཤས་ཤིག་གི་ཁེ་ཕན་སྲུང་སྐྱོང་བྱེད་པ་མ་ཟད། རྩ་ཁྲིམས་བཟོ་བཅོས་རྒྱག་རྒྱུ་དང་དམག་འཁྲུག་སློང་འཆར་བྱེད་པའི་བསམ་ངན་འཆང་བཞིན་འདུག འདི་འདྲའིཆབ་སྲིད་ཅིག་ནི་དངོས་གནས་བཟོད་སྒོམ་བྱ་ཐབས་མེད་པ་རེད། ད་ལྟ། ཨན་པེ་ལ་རྒྱབ་སྐྱོར་བྱེད་ཤུགས་ཉུང་དུ་འགྲོ་བཞིན་ཡོད་པས། ཁོ་པ་སྔ་ཙམ་སྲིད་སྟེགས་ནས་བབ་རེ་ཡོད་ཅེས་བརྗོད་པ་རེད།
            ཉི་ཧོང་ནི་ད་ལྟ་བའི་བར་དུ་རྡུལ་ཕྲན་འབར་མདེལ་གྱིས་འབར་གཏོར་བྱས་པའི་རྒྱལ་ཁབ་གཅིག་པུ་ཡིན་པ་རེད། བཙན་འཛུལ་དམག་འཁྲུག་སྤེལ་བའི་ཉི་ཧོང་འཕྲལ་མར་མགོ་འདོགས་པའི་ཆེད་དུ། ཨ་རིའི་དམག་དཔུང་གིས་1945ལོའི་ཟླ་8ཚེས་6ཉིན་དང་ཚེས་9ཉིན་ཀོང་ཏའོ་དང་ཁྲང་ཆི་གྲོང་ཁྱེར་གཉིས་ལ་བར་སྣང་ནས་རྡུལ་ཕྲན་འབར་མདེལ་འཕངས་པ་རེད། དུས་ཡུན་རིང་པོ་ཞིག་ལ། ཉི་ཧོང་གིས་དོན་དག་འདིར་ཁ་གཡར་ནས་རང་ཉིད་ནི་འཛམ་གླིང་དམག་འཁྲུག་གཉིས་པ་དང་། ལྷག་པར་དུ་ཉིང་རྡུལ་འབར་གས་ཀྱིས"གནོད་སྐྱོན་ཕོག་མཁན"ཡིན་ལུགས་སྒྲོག་བཞིན་ཡོད། འོན་ཀྱང་། ཉི་ཧོང་ལ་རྡུལ་ཕྲན་འབར་མདེལ་གྱི་གཏོར་སྐྱོན་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གླེང་བ་ཉུང་ངུ་ཞིག་རེད།
             2015ལོའི་ཟླ་9པར། ཨན་པེ་སྲིད་གཞུང་གིས་བདེ་སྲུང་གི་ཁྲིམས་གསར་པ་ཞིག་བཙན་གྱིས་གྲོས་འཆམ་བྱེད་དུ་བཅུག་ནས་དམག་འཁྲུག་རྗེས་ཀྱི་ཉི་ཧོང་གི"ཆེད་དོན་བདེ་སྲུང"གི་སྲིད་ཇུས་མཇུག་རྫོགས་པར་བྱས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་གནས་ཚུལ་ལ་བརྟན་མིན་གྱི་རྒྱུ་རྐྱེན་མང་དུ་བཏང་བ་མ་ཟད། ཉི་ཧོང་རྒྱལ་ནང་དུའང་ངོ་རྒོལ་གྱི་ཚ་རླབས་ཤིག་འཕྱུར་བ་རེད།
            ད་ལོའི་ཟླ་6པ་ཚུན་ནས་བཟུང་། ཨན་པེ་ནང་སྲིད་ལ་ཅི་ཇ་སློབ་གླིང་གི་གཏམ་ངན་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཡོད་པའི་དབང་གིས་རྒྱབ་སྐྱོར་བྱེད་ཚད་ཉུང་དུ་སོང་ནས་ཚད་དམའ་ཤོས་30 %ལས་ཀྱང་ཉུང་དུ་ཕྱིན་ཡོད་པས། ཁོང་པས་ཡང་བསྐྱར་སྲིད་དབང་བཟུང་བ་ནས་ད་བར་དུ་རྒྱབ་སྐྱོར་བྱེད་ཚད་དམའ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་ལ། "ཨན་པེ་ཁེར་བཙན"གྱི་ལམ་ལུགས་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད་པ་རེད། དེར་བརྟེན། ཟླ་འདིའི་ཚེས་3ཉིན། ནང་སྲིད་བསྐྱར་སྒྲིག་བྱས་ཏེ་རྒྱབ་སྐྱོར་བྱེད་ཚད་མཐོ་རུ་འགྲོ་ཐབས་མི་བྱེད་ཐབས་མེད་བྱུང་བ་རེད།
    ༄༅།།ཨན་པེ་ཡིས་ཀོང་ཏའོ་རུ་ཉིང་རྡུལ་འབར་གཏོར་བྱུང་སྟེ་ལོ་72འཁོར་བའི་དྲན་གསོའི་བྱེད་སྒོར་
ཞུགས་པར་ཉི་ཧོང་གི་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ།
    ༄༅།།ཨན་པེ་ཡིས་ཀོང་ཏའོ་རུ་ཉིང་རྡུལ་འབར་གཏོར་བྱུང་སྟེ་ལོ་72འཁོར་བའི་དྲན་གསོའི་བྱེད་སྒོར་
ཞུགས་པར་ཉི་ཧོང་གི་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།