འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་དཔེ་སྐྲུན་རྣམ་གྲངས་
    ལ་མ་དངུལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དང་བོད་རིག་པ་ཞིབ་འཇུག་གི་བྱ་གཞག་དར་རྒྱས་གོང་འཕེལ་དང་རིག་གཞུང་གི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་མ་གཏོང་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཆེད་དམིགས་མ་དངུལ་རྣམ་གྲངས་གྲུབ་འབྲས་དཔེ་སྐྲུན་རོགས་དངུལ་དོ་དམ་བྱ་ཐབས་(ཚོད་ལྟའི་ལག་བསྟར)》ཉིན་ཤས་གོང་བཏོན་པ་དང་། དུས་སང་ནས་བཟུང་ལོ་ལྟར་ཕུལ་བྱུང་གི་རིག་གཞུང་གི་བརྩམས་ཆོས་ཁག་15འདོན་རྒྱུར་རོགས་དངུལ་བཏང་ནས་དཔེ་སྐྲུན་བྱ་རྒྱུ་རེད།
            དོ་དམ་བྱ་ཐབས་ལ་གཞིགས་ན། དཔེ་སྐྲུན་གྱི་རོགས་དངུལ་རྣམ་གྲངས་དེ་གཙོ་གནད་རོགས་སྐྱོར་རྣམ་གྲངས་དང་སྤྱིར་བཏང་གི་རོགས་སྐྱོར་རྣམ་གྲངས་གཉིས་སུ་ཕྱེ་ཡོད། གཙོ་གནད་རོགས་སྐྱོར་རྣམ་གྲངས་ཀྱིས་ལོ་ལྟར་རྣམ་གྲངས་ཁག་5ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་རྣམ་གྲངས་རེར་རོགས་སྐྱོར་མ་དངུལ་མང་ཤོས་སྒོར་ཁྲི་10ལས་མི་བརྒལ་བ་བྱས་ཏེ་མ་དངུལ་དེ་རང་ལྗོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཁྲོད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་ཀྱི་གནད་དོན་ལ་ཞིབ་འཇུག་དང་དེ་བཞིན་བཀོལ་སྤྱོད་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་མཐོང་རང་བཞིན་བཅས་ལྡན་པའི་རིག་གཞུང་གི་བརྩམས་ཆོས་རྩེ་གྲའི་དཔེ་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ལ་སྤྱོད་རྒྱུ་ཡིན་པ་དང་། སྤྱིར་བཏང་གི་རོགས་སྐྱོར་རྣམ་གྲངས་ཀྱིས་ལོ་ལྟར་རྣམ་གྲངས་ཁག་10ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་རྣམ་གྲངས་རེར་རོགས་སྐྱོར་མ་དངུལ་མང་ཤོས་སྒོར་ཁྲི་5ལས་མི་བརྒལ་བ་བྱ་རྒྱུ་རེད། རོགས་སྐྱོར་ཐོབ་པའི་རིག་གཞུང་གི་བརྩམས་ཆོས་《དེང་རབས་བོད་ཀྱི་རིག་གཞུང་ཡིག་མཛོད་》ཀྱི་རྣམ་པའི་ཐོག་ནས་གཅིག་གྱུར་དཔེ་སྐྲུན་བྱས་ཏེ་རང་ལྗོངས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དང་བོད་རིག་པ་ཞིབ་འཇུག་གི་དབང་གྲགས་ལྡན་པའི་རིག་གཞུང་གི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།