འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྲག་འཛེག་རུ་ཁག་ཁྲུང་ཆིང་དུ་འབྱོར་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་
    མཐའ་བསྡུར་ལ་ཞུགས་པའི་གྲ་སྒྲིག་བྱེད་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་བྲག་འཛེག་རུ་ཁག་གིས་ཁྲུང་ཆིང་དུ་འཕྲོད་སྦྱོར་སྦྱོང་བརྡར་བྱས་ཏེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མང་ཚོགས་འགྲན་བསྡུར་རྣམ་གྲངས་ཀྱི་བྲག་འཛེག་མཐའ་བསྡུར་ལ་ཞུགས་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
              རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་འགྲན་བསྡུར་རྣམ་གྲངས་ཀྱི་བྲག་འཛེག་མཐའ་བསྡུར་ཟླ་8ཚེས་7ནས་10ཉིན་བར་ཁྲུང་ཆིང་ཅིའུ་ལུང་ཕོ་ཆུས་ཧྭ་ཡན་པི་ཧུའུ་ཝང་རྒྱལ་ཁབ་བྲག་འཛེག་དཔེ་སྟོན་སྤྱི་གླིང་དུ་གཉེར་རྒྱུ་ཡིན་ཞིང་། སྐབས་དེ་དུས་རྒྱལ་ཡོངས་ས་ཕྱོགས་ཁག་གི་ལུས་རྩལ་པ་132རི་གྲོང་དེར་འཛོམས་ནས་སྐྱེས་པ་དང་བུད་མེད་ཀྱི་དཀའ་ཚེགས་འགྲན་བསྡུར་དང་། རྡོ་འཛེག་འགྲན་བསྡུར། མྱུར་ཚད་ཀྱི་ཚད་གཞིའི་འགྲན་བསྡུར་སོགས་རྣམ་གྲངས་རྐྱང་པ་8ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།
           ལྗོངས་ནང་ཁུལ་དུ་གདམ་གསེས་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་རུ་ཁག་གིས་སྐྱེས་པ་3དང་བུད་མེད་4རྣམ་གྲངས་རྐྱང་པའི་འགྲན་བསྡུར་ལ་ཞུགས་པར་བཏང་ཡོད། དེའི་ཁྲོད་རིན་ཆེན་ལྷ་མོ་དང་སྤེན་པ་བཀྲ་ཤིས་སོགས་གྲགས་ཅན་བདམས་ཐོན་པའང་ཚུད་ཡོད། རིན་ཆེན་ལྷ་མོར་2013ལོའི་ཨེ་ཤེ་ཡའི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་ལ་བུད་མེད་ཀྱི་དཀའ་ཚེགས་འགྲན་བསྡུར་དང་རྡོ་འཛེག་འགྲན་བསྡུར་གཉིས་ཀའི་ཨང་དང་པོ་ཐོབ་མྱོང་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་འགྲན་བསྡུར་མང་པོར་གསེར་དང་དངུལ་གྱི་རྟགས་མའང་ཐོབ་མྱོང་ཡོད་པ་རེད།
            2006ལོར་རུ་ཁག་བཙུགས་པ་ནས་བཟུང་བོད་ལྗོངས་བྲག་འཛེག་རུ་ཁག་ལ་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ཁག་ཏུ་གསེར་གྱི་རྟགས་མ་72དང་། དངུལ་གྱི་རྟགས་མ་65 ཟངས་ཀྱི་རྟགས་མ་73བཅས་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད། འདི་ལོའི་ཟླ་6པར་གཉེར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བྲག་འཛེག་འགྲན་བསྡུར་ལ་ཚུད་པའི་འགྲན་བསྡུར་དང“ལུའུ་ཕུའུ་ནེ་ཐེ་བུམ་པའི”རྒྱལ་ཡོངས་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་སྐབས་ཉེར་ལྔ་པར་བོད་ལྗོངས་བྲག་འཛེག་རུ་ཁག་ལ་གསེར་གྱི་རྟགས་མ་1དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་1བཅས་ཐོབ་པ་མ་ཟད། རུ་མི་པད་མ་གཡུ་སྒྲོན་ལ་བུད་མེད་ཀྱི་རྣམ་གྲངས་རྐྱང་པ་བཞི་ཀའི་འགྲན་ཞུགས་ཐོབ་ཐང་ཡང་རག་པ་རེད།
           བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས“འདི་ལོ་ནི་བྲག་འཛེག་འགྲན་བསྡུར་མང་ཚོགས་འགྲན་བསྡུར་གྱི་རྣམ་གྲངས་ལ་བརྩིས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་འཇུག་ཐེངས་དང་པོ་རེད། ང་ཚོས་དེའི་ཆེད་དུ་ལོ་བཅུ་ཏག་ཏག་བསྒུགས་པ་ཡིན”ཞེས་བཤད།
           བྲག་འཛེག་ནི་2018ལོའི་ཅ་ཁར་ཐ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ལ་དངོས་སུ་གྱུར་ཡོད། ཉི་མ་ཚེ་རིང་གིས་མིག་སྔར་བོད་ལྗོངས་བྲག་འཛེག་རུ་ཁག་གིས་ལོ་མཚམས་མི་འདྲ་བ་གསུམ་ཚུད་པའི་མི་20ཡི་རྗེས་གྲབས་རུ་ཁག་བཙུགས་ཡོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཚར་རྗེས་བྲག་འཛེག་རུ་ཁག་གིས་ད་དུང་སློབ་གྲྭར་བྲག་འཛེག་ཁྱབ་གདལ་དང་ལས་རིགས་ལས་འདས་ནས་མི་སྣ་འདེམས་པར་སྐུལ་འདེད་གཏོང་བ་དང་སྦྲགས། རྒྱལ་ཁབ་བྲག་འཛེག་རུ་ཁག་དང་མཐོ་སློབ་ཁག་གི་བྲག་འཛེག་རུ་ཁག་དབར་འཇོན་ཐང་ཅན་གྱི་སྤེལ་རེས་ཧུར་ཐག་བྱས་ཏེ་བོད་ལྗོངས་བྲག་འཛེག་རུ་ཁག་འཛམ་གླིང་འགྲན་བསྡུར་ལ་ཞུགས་པར་དུས་ཡུན་རིང་འབྲིང་གི་འཆར་འགོད་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།